རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་བོད་དོན་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་ཧ་རུ་ཡ་ན་དང་། པན་ཇབ་མངའ་སྡེ་ཡི་རྒྱལ་སའི་ལྟེ་གནས་གྲོང་ཁྱེར་ཅན་རྡུ་སྒར་དུ་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ་ལྟར། ཕྱི་ཚེས་༦ ཉིན་གྱི་ཞོགས་པར་ཧ་རུ་ཡ་ན་མངའ་སྡེ་བློན་ཆེན་Bobindar Singh Gupta མཆོག་ལ་མཇལ་འཕྲད་གྱིས་བོད་དོན་ཞུ་གཏུགས་གནང་བ་དང་། དེ་བཞིན་ཅན་རྡི་སྒར་གསར་འགོད་ལྷན་ཚོགས་ཀྱི་ལྟེ་གནས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ་གསར་འགོད་པ་ཉི་ཤུ་ལྷག་ཅིག་གིས་བོད་དོན་ལ་དོ་སྣང་གིས་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག
དེ་བཞིན་ཉིན་རྒྱབ་ཆུ་ཚོད་༤ ཕྱེད་ཀའི་སྟེང་ཅན་རྡི་སྒར་ཆེས་མཐོའི་སློབ་གྲྭའི་ཉེ་འགྲམ་ཨང་རྟགས་༡༥ ནས་ཨང་རྟགས་༡༧ བར་སྤྱི་འཐུས་རྣམ་པས་དབུ་ཁྲིད་ཐོག་མཐོ་སློབ་ཀྱི་སློབ་ཕྲུག་དྲུག་ཅུ་ལྷག་ཅིག་མཉམ་ཞུགས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་། རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མར་མེ་སྒྲོན་འབུལ་གྱིས་སྨོན་ལམ་གནང་ཡོད་པ་རེད།
མར་མེ་ཁྲོམ་སྐོར་གྱི་མཇུག་བསྡོམས་སྐབས་ཞུ་གཏུགས་ལས་འགུལ་པ་བཀའ་ཟུར་དང་། བོད་མི་མང་སྤྱི་འཐུས་ལས་ཐོགས་པ་སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་ཧིན་རྡུའི་སྐད་ཡིག་ཐོག་བོད་དོན་ཞུ་གཏུགས་དང་གནས་ཚུལ་གསལ་བསྒྲགས་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་རྣམ་པ་མངའ་ཁུལ་གསུམ་དུ་ཆ་བགོས་ཀྱིས་བོད་དོན་ཞུ་གཏུགས་སྤེལ་བའི་བརྒྱུད་རིམ་དང་། མཉམ་ཞུགས་གནང་མཁན་དང་། མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་མཁན་དང་། ཞུ་གཏུགས་ལས་འགུལ་སྐབས་ལམ་ཁར་རྒྱུས་ཡོད་གནང་མཁན་ས་གནས་གཞོན་ནུའི་ཚོགས་གཙོ་སོགས་རོགས་རམ་གནང་མཁན་ཡོངས་སུ་ཐུགས་རྗེ་ཆེ་ཞུས་གནང་སྟེ་བདེན་ཚིག་དབྱངས་འཐེན་གྱིས་ལས་འགུལ་གྲུབ་ཡོད་པ་དང་། ཞུ་གཏུགས་ལས་འགུལ་པ་རྣམས་རྡ་རམ་ས་ལའི་ཕྱོགས་སུ་ཐོན་ཡོད་པ་དང་། ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་གསར་འགོད་གསལ་བསྒྲགས་དང་། དགོང་དྲོ་མེག་ལོར་གན་ཇིར་མར་མེ་ཁྲོམ་སྐོར་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གྱི་གཙོ་བོར་གདན་ཞུས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་བགོས་ཀྱི་ཞུ་གཏུགས་ལས་འགུལ་མཇུག་བསྡོམས་གནང་འཆར་ཡོད་པ་རེད།
གནས་ཚུལ་མཁོ་འདོན་པ་རྨོག་རུ་བསྟན་པ།