གསུམ་བཅུའི་དུས་དྲན་ཐེངས་༥༢པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

མི་ལོ་ ༥༢ གོང་གི་དེ་རིང་གི་ཉིན་མོར། བཙན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྨང་གཞིའི་སྟེང་བོད་གཞུང་ནས་བོད་རྒྱ་མཉམ་གནས་ཀྱི་འབད་བརྩོན་རིམ་པར་བསྟེན་ཀྱང་། བོད་འབྱོར་རྒྱ་དམག་གིས་བཙན་འཛུལ་བའི་གདོང་རིས་དམར་རྗེན་དུ་བཏོན་ཏེ། གྲོས་དོན་བརྡལ་བཤིག་གི་སྦྱོར་ངན་ཡ་ང་བག་ཚ་མེད་པར་བརྩམས་པ་དང་། ཐ་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་གྲབས་གཤོམ་བྱས་སྟབས། འ་ཆད་འུ་ཐུག་པའི་ཆོལ་གསུམ་བོད་མི་རྣམས་ནས་རྒྱལ་ས་ལྷ་སར་བོད་རང་དབང་རང་བཙན་སླར་གསོའི་འབོད་ཚིག་བསྒྲགས་ཏེ། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད།

དུས་དེ་ནས་བཟུང་། རྒྱ་གཞུང་གིས་བོད་ནང་དྲག་གནོན་རྡུང་རྡེག་དང་དྲག་ཆར་རླུང་འཚུབ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་ཏེ། བོད་མི་འབུམ་བཅུ་གཉིས་ཙམ་དུས་མིན་རྐྱེན་འདས་སུ་བཏང་བ་མ་ཟད། ཆོས་ཀྱི་བསྟི་གནས་དགོན་སྡེ་དྲུག་སྟོང་ལྷག་རྨེག་མེད་དུ་གཏོར་བཅོམ་གྱིས་མཚོན། བོད་ཀྱི་སྣོད་བཅུད་གཉིས་ལ་ཆག་སྒོ་ལོ་རྒྱུས་སུ་མ་གྲགས་པ་ཞིག་བྱུང་ཡོད་པས། དཀའ་སྡུག་གི་འདས་ཟིན་པའི་བྱུང་བ་དེ་རྣམས་ཡིད་ཡུལ་ནས་མ་བོར་བར་སེམས་ལ་འཆང་དགོས་པ་དང་། བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་བའི་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་ཞུ་དགོས་པའི་དུས་ཚེས་ཤིག་ཡིན།

དེ་བཞིན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མགོན་པོ་གང་གི་ཕེབས་རྗེས་སུ་འབྲངས་པའི་བོད་མི་བརྒྱད་ཁྲི་ཙམ་དུས་མཚམས་འདི་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་ཏེ། བཙན་བྱོལ་བོད་གཞུང་གསར་འཛུགས་དང་། གཞིས་སྒར་དང་སློབ་གྲྭ། ཆོས་སྡེ་སོགས་འཛིན་སྐྱོང་གི་ཐབས་ཚུལ་རྨད་དུ་བྱུང་བ་བསྐྱངས་པས། ད་ཆ་བོད་དོན་བདེན་པའི་འཐབ་རྩོད་ཀྱི་འབོད་སྒྲ་འཛམ་གླིང་ས་ཆེན་ཧྲིལ་པོར་འགེང་བཞིན་པའི་གནས་བབ་བསྐྲུན་ཐུབ་ཡོད་པའི་གྲུབ་འབྲས་ལ་ཡི་རང་དགའ་སྒོམ་དང་འབྲེལ། གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་དོན་གྱི་བདག་པོ་མཆོག་དང་། སྐབས་དུས་དེ་དག་གི་རྒན་རབས་པ་ཚོའི་འབད་བརྩོན་དང་བློས་གཏོང་གི་སྙིང་སྟོབས་བཅས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཀྱང་ཡིན།

དེང་འཛམ་གླིང་ནང་དངུལ་ལོར་དང་དཔལ་འབྱོར་ཡོ་འཁྱོམ་གྱི་རྦ་ཀློང་དྲག་ཏུ་འཕྱོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་སྡོམ་འབོར་རྒྱུན་མཐུད་འཕར་སྐྱེད་ཕྱིན་པའི་གྲུབ་འབྲས་ངོམ་འཕྱར་གྱིས་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆའི་སྟེང་འཇམ་རྩུབ་ཀྱི་ཉམས་འགྱུར་སྟངས་སྟབས་ཅི་རིགས་སྟོན་པ་དང་། གལ་འགངས་ཆེ་བའི་རྒྱལ་སྤྱིའི་གནད་དོན་ཐོག་མཉམ་ཞུགས་དང་བསམ་འཆར་གླེང་སློང་གི་འབད་པ་བསྟེན་བཞིན་པར་མ་ཟད། ཕྱི་རྒྱལ་ཡུལ་གྲུ་དབར་རིག་གཞུང་བརྗེ་རེས་དང་འབྲེལ་གཏུགས། རྒྱ་ནག་གི་རིག་གནས་ཁྱབ་སྤེལ་སོགས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་ཆེ་མཐོང་དང་སྣང་བརྙན་བསྐྲུན་ཐབས་བྱེད་པ་ནི་རྒྱལ་ཁབ་ཆེན་པོ་ཞིག་ལ་ཡོད་དགོས་པའི་བྱ་སྤྱོད་ཅིག་ཡིན་ངེས་ཀྱང་། གཏམ་བཤད་ཀྱི་ཐོབ་ཐང་གླེང་སྐབས་མདུན་གྲལ་ནས་རྒྱལ་ཁབ་ཆེན་པོའི་ངོ་སོ་རྩོད་པ་དང་། འགན་ཁུར་ཆ་བགོས་བྱེད་སྐབས་རྒྱབ་གྲལ་ནས་རང་ཉིད་ད་དུང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལུགས་གཡོལ་ཐབས་བྱས་ཏེ། ངལ་རྩོལ་པའི་གླ་དོད་དང་ཐོན་ཁུངས་ཀྱི་མ་རྩ་དམའ་བོར་བརྟེན་པའི་འཛམ་གླིང་གི་བཟོ་གྲྭའི་མིང་ཐོགས་དེ་ཙམ་ཞིག་ད་དུང་དོན་དམ་གྱི་སྟོབས་ལྡན་རྒྱལ་ཁབ་དང་ཁད་ཐག་རིང་པོར་གྱེས་ཡོད་པ་སྨོས་མ་དགོས།

ལྷག་པར་དུ་རྒྱ་གུང་ཁྲན་སྲིད་གཞུང་གིས་དམར་ཤོག་ཚོགས་པ་གཅིག་གི་སྲིད་དབང་སྒེར་སྡོམ་མུ་མཐུད་གནས་ཐབས་སུ། སྒྲིག་འཛུགས་དང་དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ཐབས་སྤྱད་དེ། རང་དབང་ཡུལ་གྲུའི་ནང་གཞི་རྩའི་རིན་ཐང་དུ་ལོངས་སུ་སྤྱོད་བཞིན་པའི་མང་གཙོ་དང་། རང་དབང་། ཁྲིམས་ལུགས་དབང་བསྒྱུར། འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བཅས་ལ་རྒྱབ་ཀྱིས་ཕྱོགས་ཏེ། སྤྱི་ཚོགས་ཀྱི་གཞི་རིམ་དཀའ་རྙོག་རྣམས་སེལ་རྒྱུའི་ཁྲིམས་མཐུན་ལུགས་མཐུན་གྱི་ཐབས་ཤེས་མ་བསྟེན་པར། བརྟན་ལྷིང་སྲུང་སྐྱོབ་ལ་རྒྱལ་སྲུང་ལས་ལྷག་པའི་འགྲོ་གྲོན་ནར་གཏོང་གིས། གཞུང་དང་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བཙོན་འཇུག་དང་། གྲངས་ཉུང་མི་རིགས་ས་ཁུལ་དུ་རྫོགས་རྒྱུ་མེད་པའི་ཁ་བྲལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་ཐོན་ཁུངས་རྣམས་འབྱོར་ལྡན་ཚོང་པ་དང་དཔོན་རིགས་ཚོས་ཧམ་ཟོས་དང་ལྐོག་ཟ་རུལ་སུངས་རྒྱ་ཡན། དེ་བཞིན་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་འགོག་སྡོམ་དང་། ཆོས་ལུགས་དང་ཆོས་བྱེད་མི་སྣར་དགོས་མེད་ཀྱི་སྡང་ཟུག་བསུན་གཙེར་དང་དོ་དམ་སྟངས་འཛིན། སྤྱིའི་མི་འབོར་གྱི་བརྒྱ་ཆའི་དགུ་བཅུ་ཡན་ཟིན་པའི་རྒྱ་རིགས་ཚོར་མི་རིགས་རིང་ལུགས་ངར་སློང་བྱེད་པ་སོགས་ནི་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལས་ལྟག་ལོག་ཏུ་སོང་ཡོད།

གླིང་ཆེན་ཨ་ཧྥེ་རི་ཀའི་བྱང་རྒྱུད་དང་། དབུས་ཤར་ཨེ་ཤ་ཡའི་ནང་མང་ཚོགས་ཀྱི་ཞི་རྒོལ་ལས་འགུལ་གཅིག་མཇུག་གཉིས་མཐུད་དུ་མཆེད་བཞིན་པ་དེས། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་ལ་བརྩི་མཐོང་དགོས་པའི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་ཅིང་། དཔལ་ཡོན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱ་ནག་གི་ཡུལ་གྲུ་དེ་ཡང་སྲིད་དབང་སྒེར་འཛིན་པ་ཚོས་དྲག་ཤུགས་དང་བཙན་གནོན་གྱིས་ནམ་ཕུགས་འཁྱོལ་ཐབས་མེད་ལ། འཛམ་གླིང་སྤྱིའི་བགྲོད་ལམ་ལས་ལོགས་སུ་གྱེས་ཏེ་འགྲོ་ས་ཞིག་གཏན་ནས་ཡོད་མི་སྲིད།

རྒྱ་གཞུང་གིས་ནུབ་ཁུལ་གསར་སྤེལ་གྱི་སྲིད་ཇུས་སྤེལ་ནས་ལོ་ཤས་རྗེས། ཤར་ནུབ་གཅིག་ཕན་གཅིག་གྲོགས་ཟེར་བའི་སྲིད་ཇུས་བཅོས་སྒྲིག་གིས། ད་ཆ་བོད་ས་ཡོངས་རྫོགས་ཐེ་བའི་ནུབ་རྒྱུད་ས་ཁུལ་ནས་རྒྱ་ནག་ཤར་རྒྱུད་ས་ཁུལ་ལ་རང་བྱུང་ཐོན་ཁུངས་དང་ལས་ཞུགས་ཀྱི་གོ་སྐབས་སོགས་མཐུན་འགྱུར་བྱེད་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་དང་། སྲིད་པ་ཆགས་པ་ནས་བཟུང་མི་ཐོག་རིམ་བརྒྱུད་མཚེར་ས་རེས་སྤོས་ཀྱིས་འཚོ་གནས་བྱེད་བཞིན་པའི་འབྲོག་པ་རྣམས་རོང་དུ་ཕབ་སྟེ་གྲོང་བརྡལ་བསྐྲུན་པ་དང་། གཞུང་གི་དགོས་མཁོ་ལྟར་ཁྱིམ་གཞིས་བརྗེ་སྤོ་བྱེད་པའི་སྐྱེ་ཁམས་གཞིས་སྤོས། མདོ་དབུས་ལྕགས་ལམ་དང་དེའི་འཕྲོ་མཐུད་ལས་འཆར། གཞུང་ལམ་དྲ་བ། གནམ་གྲུ་འབབ་ཐང་གསར་བཟོ་རྒྱ་བསྐྱེད། བོད་སྐྱོར་ལས་གཞི་ཟེར་བའི་ཁོངས་ཤེས་འཇོན་ཅན་དང་ལག་རྩལ་བོད་སྐྱོར་ཟེར་བའི་མིང་ཐོག་ནས་རྒྱ་ནང་གི་ཆུ་གློག་དང་གཏེར་རྫས། རྒྱལ་གཉེར་ཁེ་ལས་སོགས་ཀྱི་ཁྱད་ལས་པ་བོད་ཀྱི་རྫོང་དང་ཡུལ་ཚོ་རིམ་པའི་བར་གྱི་དམར་ཤོག་ཚོགས་པའི་འགན་འཛིན་དང་། འབྲེལ་ཡོད་སྡེ་ཚན་གྱི་འགོ་བྱེད་དུ་ཆེད་གཏོང་གིས། དེ་དག་གི་ཕ་ཡུལ་ཉེ་ལྟོས་རྒྱུད་འཛར་དང་བཅས་པ་དངོས་བརྒྱུད་ཅི་རིགས་ནས་ལས་ཞུགས་གཞིས་སྤོ། ལྷག་པར་དུ་རྒྱ་ནག་གི་གཞུང་གཉེར་གཏེར་སྔོག་སྡེ་ཚན་ནས་བོད་དུ་ཨེ་ཤ་ཡ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་གསོག་ཚད་མཐོ་གྲས་སུ་སླེབས་པའི་རང་བྱུང་ཐོན་ཁུངས་འཚོལ་བཤེར་སྔོག་འདོན་དང་། རྒྱལ་གཉེར་གློག་ཤུགས་ལས་ཁང་ཆེ་ཤོས་བཞིས་བོད་ཀྱི་ཆུ་ཀླུང་ཆེ་ཁག་ཆ་བགོས་ཀྱིས་ཆུ་གློག་གསར་རྒྱག སྒེར་གཉེར་ཁེ་ལས་ཚོས་ཀྱང་བོད་ཀྱི་རི་ཀླུང་རྒྱན་རྩེད་ལྟར་མཚམས་ཚིགས་མེད་པར་སྔོག་བཤེར། ཐ་ན་སྐམ་གཤེར་དུ་གནས་པའི་རི་དྭགས་རྣམས་འདོད་རྔམས་ཀྱིས་བསད་བཟུང་ཚོད་མེད་དུ་བྱས་དང་བྱེད་བཞིན་པ་སོགས་ཀྱིས། ཕ་ཡུལ་གངས་ལྗོངས་ཀྱི་བྱིན་ཆགས་རང་བྱུང་བཀོད་པ་རྣམས་ཐེར་ཚལ་སྦར་ཚལ་བཟོ་རྒྱུར་ལོ་ངོ་ཅི་ཙམ་བརྟན་གྱི་ཡོད་ན་བསམ་པའི་དངངས་འཚབ་གྲང་ཤུར་རེར་འབྱུང་བ་དང་། ལས་གཞི་དེ་དག་དང་འབྲེལ་གྲོག་ཚང་བརྡོལ་བ་ལྟར་བོད་དུ་གནས་སྤོས་ལས་འཚོལ་གྱི་རྒྱ་རིགས་ཚོས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཕལ་མོ་ཆེ་བདག་ཏུ་བཟུང་སྟེ། ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཞིང་འབྲོག་མང་ཚོགས་རྣམས་མཐར་འབུད་བཏང་ཡོད་པ་སོགས་ཀྱི་བབ་ལ་བལྟས་ན། ད་ནི་རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་གཏོང་རྒྱུའི་ངན་ཇུས་འཇིགས་ཡེར་བ་ཞིག་བཏིང་དང་འདིང་བཞིན་པ་མངོན་གསལ་དུ་མཐོང་ཐུབ།

དགོན་པ་དང་ཡང་སྲིད་དོ་དམ་གྱི་ཁྲིམས་དང་སྲོལ་ཡིག་འདྲ་མིན་གཏན་འབེབས་དང་། དགོན་སྡེ་ཁག་ཏུ་ལས་དོན་རུ་ཁག་ཆེད་བཙུགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་བ་མ་ཟད། ད་དུང་དགོན་སྡེ་མང་པོ་ཞིག་ཏུ་སྤྱི་བདེ་མངགས་གཏོང་ཁང་ཟེར་བ་ཆེད་བཙུགས་ཀྱིས་དགོན་པའི་རྒྱུན་ལྡན་སྒྲིག་སྲོལ་ལ་ཐེ་གཏོགས་དང་གྲྭ་བཙུན་ཚོར་སྡིགས་སྐུལ་རྒྱུན་མར་བྱེད་པ་དང་། དགེ་སློབ་དང་ཤེས་ཡོན་ཅན་ཚོའི་སྐད་ཡིག་རང་དབང་གི་དགོས་འདུན་དང་རྒྱ་ནག་རང་གི་ཁྲིམས་སྒྲིག་ལ་ལྟོས་མེད་ཀྱིས་བོད་རིགས་ཀྱི་སློབ་གྲྭ་ཁག་ཏུ་སྔོན་འགྲོའི་འཛིན་གྲྭ་ནས་བཟུང་སྟེ་རྒྱ་ཡིག་གཙོ་བོར་སློབ་དགོས་པའི་སྲིད་ཇུས་བཙན་འགེལ།

རྩོམ་པ་པོ་དང་གླུ་བ། ཁོར་ཡུག་སྲུང་སྐྱོབ་པ། གྲགས་ཅན་མི་སྣ་སོགས་ལ་བསུན་གཙེར་དང་། བཀག་བསྐྱིལ། དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་དུས་བཀག་བཙོན་འཇུག་དང་ཚེ་བཙོན་གྱི་ཁྲིམས་ཆད་བཏང་བ་མ་ཟད། གཅར་རྡུང་གིས་རྐྱེན་འདས་སུ་ཕྱིན་པ་དང་གཟུགས་གཅོང་དུ་གྱུར་པ། གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཡང་ཡང་ཐོན་ཡོད་ལ། ད་ལྟའི་ཆར་ཉུང་མཐར་ཡང་ཆབ་སྲིད་བཙོན་པ་ ༨༣༡ ཙམ་གྱིས་ཁྲིམས་མུན་དུ་མནར་གཅོད་མྱོང་བཞིན་ཡོད་པས། རྒྱ་ནག་གཞུང་གིས་དུས་ལས་ཡོལ་བའི་མི་སེར་སྤེལ་ཡུལ་རིང་ལུགས་པའི་བྱ་སྤྱོད་ཐ་ཤལ་དེ་རིགས་ལ་སྤྱི་འཐུས་ལྷན་ཚོགས་ནས་ཚོར་ཤུགས་དྲག་པོས་ངོ་རྒོལ་དང་། འཕྲལ་དུ་མཚམས་འཇོག་ཡོང་བའི་རྟིང་སྐུལ་བྱེད་ཀྱི་ཡོད།

སྐྱེ་རྒུ་མདོའི་ས་ཡོམ་དང་འབྲུག་ཆུའི་འདམ་རུད་ཀྱི་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ། བཙན་བྱོལ་བོད་གཞུང་མང་གི་ངོས་ནས་བསྔོ་སྨོན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདེབས་བསྡུ་འབུལ་ཞུས་ཡོད་པ་དང་། འབྱུང་བའི་བར་ཆད་འདི་བཟློག་ཏུ་མེད་པ་ཞིག་ཡིན་ཡང་། མིའི་བྱེད་ལས་ཀྱིས་འཐུས་ཤོར་ཕྱིན་པའི་རྒྱུ་རྐྱེན་གསལ་པོ་ཡོད་པ་མ་ཟད། རང་བྱུང་ཁོར་ཡུག་ལ་ཚད་ལས་བརྒལ་བའི་སྔོག་འདོན་གཏོར་སྐྱོན་བཏང་བའི་ཉེས་ནོངས་དེ་རིགས་ངོས་ཟིན་པའི་སྒོ་ནས་ཡིད་ཟོན་བྱེད་དགོས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་དབུ་ཁྲིད་མཛད་པའི་བོད་དོན་འཐབ་རྩོད་ནི། འཚེ་མེད་ཞི་བ་དམ་བཅར་བཟུང་ཞིང་། བདེན་དོན་གཞི་ལ་བཞག་སྟེ། བོད་དང་བོད་མིའི་བདེ་རྩ་བསྒྲུབ་རྒྱུར། བོད་རྒྱ་གཉིས་སྨན་གྱི་ལངས་ཕྱོགས་ནས་འཛམ་གླིང་གི་ཆབ་སྲིད་རྩོད་རྙོག་ལ་མིག་དཔེར་འོས་པའི་ཐབས་ལམ་ཞིག་འཚོལ་སྙེགས་བྱེད་པ་ཡིན་སྟབས། རྒྱལ་སྤྱིའི་ཁྱོན་དུ་སྲིད་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སྒེར་བ་ཁག་ནས་རྒྱབ་སྐྱོར་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་། ད་ལྟའི་ཆར། རྒྱལ་སྤྱིའི་སྲིད་དོན་སྡིངས་ཆའི་སྟེང་། བོད་ཀྱི་གནད་དོན་ནི་འཛམ་གླིང་གི་དབུ་ཁྲིད་སུས་ཀྱང་གཡོལ་དུ་མེད་པའི་བརྗོད་གཞི་གལ་ཆེན་ཞིག་ཆགས་ཡོད།

བཙན་བྱོལ་བོད་གཞུང་གི་ངོས་ནས་དུས་རབས་སྔ་མའི་ལོ་རབས་ ༨༠ ནས་བཟུང་རྒྱ་ནག་གཞུང་དང་མཉམ་དུ་གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ། ཞི་མོལ་གྱི་ཐབས་ཤེས་ལུ་གུ་རྒྱུད་དུ་བསྟེན་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ནས་བསྐྱར་གསོ་བྱུང་བའི་འབྲེལ་མོལ་ཐེངས་ ༨ པའི་སྐབས། རྒྱ་ནག་གི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲད་པ་མ་ཟད། ༢༠༡༠ ལོའི་ཟླ་ ༡ ནང་རྒྱ་ཕྱོགས་ཀྱི་འཁྱོག་བརྗོད་ཁག་ལ་ཡིག་ཐོག་ནས་འགྲེལ་བརྗོད་གནང་སྟེ། བོད་མིའི་དགོས་འདུན་རྣམས་གསལ་སྟོན་བྱས་ཡོད་ཀྱང་། རྒྱ་གཞུང་དབང་འཛིན་པས་ད་དུང་དུས་ཚོད་འགྱངས་ཐབས་ཀྱི་ཁག་དཀྲི་བྱེད་བཞིན་པར་བརྟེན། རྣམ་དཔྱོད་དང་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། དོན་ཕན་ལྡན་པའི་གྲུབ་འབྲས་འབྱུང་རྒྱུར་བློ་སྟོབས་བསྐྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན།

ཉིན་ཤས་རྗེས། བཀའ་ཤག་སྐབས་ ༡༤ པའི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་སྐབས་ ༡༥ པའི་འོས་བསྡུ་ཆེན་མོ་སླེབས་ཉེར་བརྟེན། བཙན་བྱོལ་བོད་མི་ཚོས་སོ་སོའི་འགན་དབང་དང་དུ་བླངས་ཏེ། མང་གཙོའི་དུས་སྟོན་ཆེན་མོ་འདིའི་འོས་འཕེན་ལ་མཉམ་ཞུགས་གནང་རོགས་ཞེས་གཞེན་སྐུལ་ཞུ་རྒྱུ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་འབྲུ་དོན་རྣམས་ལག་ལེན་འགེལ་ཕྱོགས་ཐད། འབྲེལ་ཆགས་ཁུངས་སོ་སོས་མཇུག་གནོན་གནང་འོས་ཅི་འགབ་གཏན་འབེབས་ཀྱིས་རྒྱ་ཁྱབ་གསལ་བསྒྲགས་སོང་ཟིན་པ་ལྟར། ཕྱག་ལེན་གནང་དགོས་རིགས་གནང་དང་གནང་བཞིན་ཡོད་ཅིང་། དེ་དག་ལ་སྤྱི་སྒེར་ཚང་མས་ཐུགས་སྣང་ཡོང་བའི་རེ་སྐུལ་ཀྱང་ཞུ་གི་ཡོད།

བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་དུས་རབས་ཕྱེད་ལྷག་འགོར་བའི་སྐབས་འདིར། ང་ཚོར་ཕ་ཡུལ་གཉིས་པ་ལྟ་བུའི་མཐུན་འགྱུར་རོགས་རམ་གནང་མཁན་རྒྱ་གར་གཞུང་མང་གཉིས་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཚང་མར་བཀའ་དྲིན་སྙིང་བཅངས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་འཛམ་གླིང་སྐྱེ་འགྲོ་སྤྱི་དང་གཞིས་བྱེས་བོད་མིའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ལས་མི་འགོངས་བར། ཐུགས་སྟོབས་གོ་ཆ་བཙན་པོས་ད་ཡོད་མང་གཙོའི་འགྲོ་ལུགས་ལྟར་བོད་བསྟན་སྲིད་ཀྱི་མཛད་ཁུར་མུ་མཐུད་སྐྱོང་བཞེས་ངང་། གང་གི་གདུལ་ཞིང་གངས་ཅན་ལྗོངས་སུ་གང་མྱུར་༸ཞབས་སོར་མངོན་པར་བཀོད་དེ་གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ལ། །

Menu