གསུམ་པའི་བཅུ་དྲུག་ཉིན་རྔ་པ་ནས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་འདུགའདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།
ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཀྱིས་བོད་རང་བཙན་ཡིན། ྋརྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་སྲེག་གཏོང་བཞིན་རྫོང་ཐོག་ཏུ་རྒྱུག་སྐབས། སྔ་ས་ནས་ཉེན་སྲུང་དུ་བཀོད་སྒྲིག་བྱས་ཡོད་པའི་ཉེན་རྟོག་པས་མེ་གསོད་འཕྲུལ་ཆས་ཀྱིས་ལན་གྲངས་གཉིས་ཙམ་ལ་མེ་གསོད་ཐབས་བྱས་ཡོད་ཀྱང༌། དེ་མ་ཐག་ལག་རུབ་ཀྱིས་གཅར་རྡུང་ཚོད་མེད་བཏང་སྟེ། ཚེས་ ༡༧ ཉིན་གྱི་ཐོ་རེང་ཚོུད་ ༣ ཙམ་ལ་འདས་གྲོངས་སུ་གྱུར་ཡོད་འདུག
ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྔ་པ་རྫོང་ཐོག་ཏུ་ཟླ་ ༣ པའི་ཚེས་ ༡༦ ཉིན་བོད་མིའི་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱུང་སྐབས། རྒྱ་གཞུང་དྲག་ཆས་པས་མདེལ་ཆར་ཕབ་སྟེ་ཉིན་གཅིག་རིང་བོད་མི་བཅུ་ཕྲག་ལྷག་དམར་གསོད་བཏང་ཡོད་ཅིང༌། ད་ཐེངས་ཀྱི་དོན་རྐྱེན་གྱི་དམར་གསོད་དུས་ཚེས་དེ་ལོ་གསུམ་ཧྲིལ་པོ་ཏག་ཏག་འགོར་བའི་སྐབས་སུ་འཁེལ་ཡོད།
ཚེས་ ༡༦ ཉིན་གྲྭ་ཕུན་ཚོགས་གཅར་རྡུང་གིས་སྲོག་ཉེས་འགྲོ་ཉེར་གཏུགས་སྐབས། ཀིརྟི་དགོན་པའི་གྲྭ་དམངས་དང་ཉེ་འཁོར་མང་ཚོགས་བསྡོམས་ཆིག་སྟོང་ལྷག་གིས་ཚོར་ཤུགས་དྲག་པོས་སྐད་འབོད་བྱས་ཏེ། རྨས་མ་འཕྲོག་ཐུབ་ཙམ་བྱུང་བ་དང༌། དེའི་རྗེས་སུ་ཁྲོམ་སྐོར་བ་རྣམས་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་ཀ་མ་ཟིན་ཙམ་གྱི་རིང་གོམ་བགྲོད་དུ་བཤར་སྐབས། དམག་དཔུང་འབོར་ཆེན་སླེབས་ཏེ་ལྕགས་དབྱུག་དང་གློག་རྒྱུག གྲི་སོགས་གཞུས་ནས་ཁ་འཐོར་དུ་བཏང་བ་མ་ཟད། ངོ་རྒོལ་བྱེད་ས་ནས་མི་མང་གང་མང་དང་ལྷག་པར་དུ་གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་འདུག་ལ། རྒྱ་ལག་ཏུ་མ་ཤོར་བའི་མི་མང་དང་གྲྭ་པ་རྣམས་ཀྱི་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པ་མང་པོ་ཡོད་འདུག
ཉིན་དེའི་དགོང་མོའི་དུས་ཚོད་ ༦ པ་ཙམ་ལ་རྔ་པ་ཀིརྟིའི་དགོན་པའི་ནང་ནས་དགེ་འདུན་པ་༡༥༠༠ ལྷག་གིས་དེ་རིང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་གྲོལ་གཏོང་དགོས་ལུགས་བརྗོད་ནས་དགོན་པའི་གླིང་མདོའི་སྒོ་ཆེན་འགྲམ་བར་དུ་ཡོང་ཞིང། དེར་སླེབས་སྐབས་མི་སྐྱ་ཕོ་མོ་ ༣༠༠ ལྷག་གིས་དགེ་འདུན་པ་རྣམས་མར་རྫོང་ཐོག་ལ་སོང་ན་ཉེན་ཁ་ཆེ་ཚུལ་བརྗོད་ནས་བཀག་འགོག་བྱས་པར་བརྟེན། དགོན་པའི་ལས་སྣེ་ཚོས་ས་གནས་རྒྱ་གཞུང་ལ་འབྲེལ་བ་བྱས་ཏེ་དགེ་འདུན་པ་རྣམས་གློད་ཐབས་ཞུ་བཞིན་ཡོད་ཚུལ་སོགས་གོ་བསྐོན་གྱིས། གྲྭ་པ་དང་མི་མང་རྣམས་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ཐང་དུ་འཛོམས་ཏེ་མ་ཎི་བགྲང་བཞིན་མཆོད་མེ་སྒྲོན་ནས་དུས་ཚོད་ ༡༡།༤༠ བར་བསྡད་སྐབས་དགོན་པའི་དགེ་འདུན་པ་ ༧ གློད་གྲོལ་བྱས་འདུག
ད་ལྟའི་ཆར་ཀིརྟིའི་དགོན་པའི་ལྕགས་རིའི་ཕྱི་ལོགས་སུ་དམག་དཔུང་གིས་བསྐོར་ནས་དམ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་དང༌། རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཕྱི་ལ་ཐོན་ས་མེད་པ་ལྟ་བུར་གྱུར་ཡོད། ད་ལྟའི་ཆར་བཀག་བསྐྱིལ་དུ་ཐེབས་པའི་མི་གྲངས་ཅི་ཡོད་གསལ་ཆ་མེད་པ་དང༌། གང་འཚམ་ཞིག་བྲོས་བྱོལ་དུ་ཕྱིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག
ཚེ་འདས་གྲྭ་ཕུན་ཚོགས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོི་རུ་ཆེན་གཉིས་པའི་གཅའ་རུ་ཚང་གི་ཕ་ཚེ་རིང་བཀྲ་ཤིས་ཀྱི་བུ་ཡིན་པ་དང༌། རང་ལོ་ ༢༡ ཡིན།