གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འཚོགས་ལ་ཉེ་བ་དང་བསྟུན། རང་དབང་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་གཞུང་འབྲེལ་མི་སྣ་རྩེད་འགྲན་ཐོག་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད། དེས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བར་བརྩིས་ཡོད་པ་མ་ཟད། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད་པར་སོང་། རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་གིས་དེ་འདྲའི་རྣམ་འགྱུར་བསྟན་པར་ཐོག་མར་དགའ་བསུ་དང་། བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ནི་དཔའ་མཛངས་སྙིང་སྟོབས་ལྡན་པའི་གནང་སྟངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཞན་ནས་ཀྱང་དེ་ལྟར་བློ་སྤོབས་ལྡན་པའི་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད།

རྒྱ་ནག་དམར་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱལ་སྤྱིའི་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་ཁག་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་ཡོད་པའི་ང་ཚོའི་གཞིས་བཞུགས་སྤུན་ཟླ་ཚོར་མུ་མཐུད་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། རྒྱའི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་གཞན་རྣམས་ནས་ཀྱང་དེ་མཚུངས་མནར་གཅོད་མྱངས་དང་མྱོང་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་གཞིས་བཞུགས་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འགྲུལ་བསྐྱོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཡོངས་སུ་རྫོགས་པ་འཕྲོག་ཅིང་། དཔལ་འབྱོར་གྱི་ཁེ་ཕན་བསྒྲུབ་ཆེད་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་སོགས་ལ་ཁ་གཡར་ནས་བོད་ནང་གི་ཆུ་བོ་ཆེ་ཁག་ལ་ཆུ་མཛོད་བརྒྱབ་སྟེ་ཆུ་ཁ་བསྒྱུར་ཐབས་དང་། ཞིང་འབྲོག་རྣམས་བཙན་གྱིས་གནས་སྤོས་བྱེད་བཅུག་པ། རང་བྱུང་གཏེར་ཁ་ཚད་ལས་འདས་པ་བསྔོག་འདོན་གྱིས་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཤུགས་ཆེ་བཏང་སྟེ། འཛམ་གླིང་སྤྱིའི་ཁོར་ཡུག་གི་གནས་བབ་ལ་ཉེན་ཁ་དང་། ལྷག་པར་དུ་ཨེ་ཤི་ཡ་ཁུལ་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད། རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་བྱེད་སྟངས་དེ་ཚོས་བོད་ནང་ཡོད་པའི་བོད་མི་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཉེན་ཁ་ཆེ་བའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པས་རྒྱ་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཐོག་ཐུགས་སྣང་དང་། གླེང་སློང་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ནི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན། དེ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༡༠ ལོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་པ་དང་། དུས་དེ་ནས་བཟུང་ད་བར་ང་ཚོའི་ངོས་ནས་འབྲེལ་མོལ་མཐུད་ཐབས་སླད་ཐབས་ཤེས་བྱས་ཡོད་ཀྱང་། རྒྱ་གཞུང་ནས་དེར་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲད་མེད།

རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་སོ་སོའི་གཞུང་འབྲེལ་མི་སྣ་རྩེད་འགྲན་ཐོག་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་བ་དེས་འགྲོ་བ་མིའི་རིན་ཐང་ལས་གལ་ཆེ་བ་ཞིག་མེད་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད།

རང་དབང་ཅན་གྱི་རྒྱལ་ཁབ་གཞན་ཁག་གི་དབུ་འཁྲིད་རྣམ་པས་ཀྱང་འགྲོ་བ་མིའི་རིན་ཐང་དང་། བཟང་སྤྱོད། བདེན་པ་བཅས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་སྟེ། པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐོག་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༣ ཉིན།

 

Menu