གསར་དུ་འདེམས་ཐོན་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་འཚམས་འདྲི།

05571702-0559

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས ༡༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསར་དུ་བདམས་ཐོན་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྤོལ་ཆུ་གྷལ་གྱི་ (Portugal)སྲིད་བློན་ཟུར་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་ Antonia Guterres མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་ཕྱག་བྲིས་ཤིག་འབུལ་ལམ་ཞུས་ཡོོད་པ་རེད། འཚམས་འཕྲིན་ཕྱག་བྲིས་དེའི་ནང་ཁོང་གི་དུས་ཡུན་རིང་པོའི་ནང་ཉམས་ཐག་མགོན་མེད་ལ་རོགས་རམ་དང་། ལྷག་པར་དུ་སྤོར་ཆུ་གྷལ་གྱི་སྲིད་བློན་དང་མཉམ་འབྲེལ་རྒྱལ་ཚོགས་ནང་སྐྱབས་བཅོལ་ལྷན་ཚོགས་ཀྱི་འགན་འཛིན་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་གྱི་དབུ་འཁྲིད་ཚོར་ཁོང་ནས་མིག་དཔེ་བཟང་པོ་ཞིག་སྟོན་གནང་ཡོད། མི་རིང་བར་སྲིད་བློན་མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཡི་འགན་དབང་བཞེས་གནང་གི་ཡོད་པས་སྔར་རྒྱུན་ལྟར་མགོན་མེད་སྐྱབས་མེད་ཚོར་རོགས་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ནི་འཛམ་གླིང་ཡོངས་ལ་ཐུགས་འཁུར་གནང་མཁན་གྱི་མགྲིན་ཚབ་པ་ཡིན་པས་ང་ཚོའི་རེ་བར་བོད་ནང་གི་བོད་པའི་རྩ་དོན་དང་། བོད་ནང་ལ་བོད་མི་སྡུག་སྦྱོང་མནར་གཅོད་མྱང་མཁན་གྱི་གནས་བབ་ཐོག་ལ་རོགས་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད་པ་རེད། མཐའ་དོན་ཁོང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པའི་ཐུགས་འགན་བཞེས་གནང་བར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡང་ཞུས་གནང་ཡོད་པ་བཅས་འཁོད་ཡོད། འཚམས་ཞུའི་ཕྱག་བྲིས་དེ་བཞིན་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཚན་ཐོག་ནས་འབུལ་ལམ་ཞུས་ཡོད་པ་རེད།།

Menu