སྔོན་གླེང་།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན། བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ཡིན་པ་ཕ་གཡར་གྱི་མིང་ལ་ཤེས་རབ་དང་མ་མིང་ལ་གནམ་ཁོ་ཟེར་བ་གཉིས་ཀྱི་བུ་རང་ལོ་ ༢༣ ཅན་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་གོང་ཚེས་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རང་ལུས་མེར་བསྲེགས་བཏང་གནང་འདུག རྒྱལ་གཅེས་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་བ་དང་། ཁོང་གིས་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ཏེ་རང་ལུས་མེར་བསྲེགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་སྐད་འབོད་གནང་བཞིན་གོམ་པ་འགའ་ཤས་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་དམག་མི་འབོར་ཆེན་སླེབས་ཏེ་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་དུ་བཅུག་ནས་འབར་ཁམས་ཕྱོགས་སུ་བཙན་འཁྲིད་བྱས་ཡོད་ཅིང་། ད་ཆ་ཁོང་འདས་གྲོངས་སུ་གྱུར་ཟིན་འདུག ད་ཐེངས་ཀྱི་རང་ལུས་མེར་སྲེག་འདི་ནི། ༢༠༠༩།༢།༢༧ ནས་ ༢༠༡༤།༣།༡༦ བར་རང་ལུས་མེར་སྲེག་གནང་མཁན་ ༡༢༧ པ་དེ་ཆགས་ཡོད། ད་ལྟ་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་ལགས་ནི་བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཞིག་དང་། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་གཟི་འོད་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས།
གྲོས་ཆོད།
རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་ཁོང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་དང་། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་བཅས་ཀྱི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ལ།།