གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར།

སྔོན་གླེང༌།
༄༅། །ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༣༠ ཉིན་ཐད་འཕུར་གནམ་གྲུའི་ནང་ཕེབས་ཐོན་གནང་སྐབས་གནམ་གྲུ་བོར་བརླག་གིས་གནས་སྟངས་གསལ་པོ་མ་ཆགས་པར་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༤ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་འདས་གྲོངས་སོང་བའི་གསལ་བསྒྲགས་གནང་བ་ལྟར། དགུང་གྲངས་ ༥༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང༌། ཁོང་ནི་ཕྱི་ལོ་ ༡༩༥༥ ལོར་རྒྱ་གར་བྱང་ཤར་རྒྱང་མཁར་གྲོང་གསེབ་ཏུ་སྐུ་འཁྲུངས། ཕྱི་ལོ་ ༡༩༨༠ བར་དུས་ཡུན་ལོ་བདུན་རིང་ཁོང་གིས་རྒྱ་གར་དམག་མིའི་གསང་བའི་ལས་ཁུངས་སུ་ཕྱག་ལས་གནང་ཞིང༌། སྐབས་དེར་བྷང་ལ་རྡེ་ཤ་དམག་འཁྲུག་སྐབས་སུ་ཆེས་གཟེངས་སུ་ཐོན་པའི་མཛད་རྗེས་བཞག་པར་བརྟེན། ཁོང་ལ་གསེར་གྱི་རྟགས་མ་ཡང་ཐོབ་ཡོད། ཕྱི་ལོ་ ༡༩༨༢ ལོར་ཁོང་རིག་གཞུང་དང་སྤྱི་ཚོགས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང༌། ཁོང་གིས་སྤྱི་ཚོགས་ཀྱི་ཞབས་ཞུ་གཟེངས་ཐོན་གནང་བར་མངའ་སྡེའི་གཞུང་ནས་ཁོང་ལ་དངུལ་གྱི་རྟགས་མ་ཞིག་ཀྱང་ཕུལ་ཡོད། དེ་རྗེས་ཁོང་གིས་མུ་མཐུད་ས་གནས་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་དང༌། ཆོས་དང༌། རིག་གཞུང༌། ཁོར་ཡུག་སོགས་ལས་རིགས་སྣ་མང་བསྒྲུབས་ཐོག  ས་གནས་གྲོས་ཚོགས་ཀྱི་ཚོགས་མི་དང༌། བློན་ཆེན་གྱི་གོ་གནས་སོགས་ཐེག་པ་རིམ་འཛེགས་ཀྱིས་ཕྱི་ལོ་ ༢༠༠༧ ལོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཛད་ཁུར་བཞེས་པ་དང༌། ཕྱི་ལོ་ ༢༠༠༩ ལོར་ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་པའི་རླབས་ཆེན་མཛད་རྗེས་ཅན་གྱི་སྐྱེ་བོ་ཞིག་ཡིན་པ་མ་ཟད། ཁོང་ནི་བོད་མིའི་རང་དབང་འཐབ་རྩོད་དང༌། མང་གཙོའི་ལམ་ལུགས་བཅས་པར་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་གྱི་བོད་མིའི་གྲོགས་པོ་བློས་ཐུབ་ཅིག་དང༌། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ངང་བཀུར་བསྟི་བླ་མེད་ཞུ་མཁན་གྱི་གང་ཟག་བསོད་ནམས་ཅན་ཞིག་ཀྱང་ཡིན།

གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང༌། དམ་པ་གང་གི་བཀའ་དྲིན་ནམ་ཡང་བརྗེད་མེད་སྙིང་བཅངས་ངང་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་ཞུ་རྒྱུ་བཅས་དང༌། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ།     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ལ་གཏན་འབེབས་གནང༌།།

Menu