གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐུན་མོང་ཐོག་གོ་སྒྲིག་ཞུས་པའི་གསུམ་ཅུའི་དུས་དྲན་ཐེངས་ ༦༢ པའི་ཞི་བའི་གོམ་བགྲོད་དབུ་འཛུགས་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

 

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གཞུང་འབྲེལ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་གྲུབ་རྗེས། རྡ་ས་མེག་གྷན་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་མངའ་སྡེའི་རླང་འཁོར་བབ་ཚུགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐུན་མོང་ཐོག་གོ་སྒྲིག་ཞུས་པའི་མེག་གྷན་ནས་རྡ་ཤོད་ཀ་ཅཱ་རི་བར་ཞི་བའི་གོམ་བགྲོད་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང། སྐུ་མགྲོན་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས། གཞན་སྤྱི་འཐུས་རྒྱུན་ལས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ལས་སྣེ་རྣམ་པ། དེ་མིན་ས་གནས་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་འདུག

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་སྐྱབས་གནས་འཕགས་པའི་དགེ་འདུན་གྱི་སྡེ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ལགས། ས་གནས་རྒྱ་གར་མི་མང་། ང་ཚོ་བོད་མི་ཚང་མ་ལོགས་ལ་ཞུ་རྒྱུར། དེ་རིང་ནི་བོད་ནང་ལ་བོད་མི་ཚོས་མ་བགྲོས་བསམ་པ་གཅིག་གི་ཐོག་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ ༦༢ འཁོར་བའི་ཉིན་མོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ང་རང་ཚོའི་དེབ་ཐེར་ནང་ལོ་ངོ་སྟོང་ཕྲག་མང་པོ་ལྷག་བསྡད་རྒྱུའི་གནས་བབ་ཅིག་ཆགས་ཡོད། ང་ཚོས་རྒྱ་ནག་དམར་གཞུང་ལ་རྔམ་སྡོན་ཁྲོམ་སྐོར་བྱས་དང་བྱེད་བཞིན་པ་དེ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་མང་ལ་ཚད་ལས་འདས་པའི་གདུག་རྩུབ་མནར་གཅོད་བཏང་བ་དང་། ལྷག་པར་དུ་དེའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་ངན་འཆར་བསྒྲིགས་པ་ཡིན་ཙང་འགོ་དེ་ནས་བརྩམས་པ་རེད། མཇུག་ད་ལྟ་ང་ཚོས་བསྐྱངས་དང་སྐྱོང་བཞིན་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད།

རྒྱ་ནག་དམར་པོས་བོད་ས་བཙན་འཛུལ་བྱས་པར་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས། ཁོར་ཡུག་བཅས་ལ་གནོད་སྐྱོན་དང་། ད་བར་མི་མང་ལ་གདུག་རྩུབ་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་རེད། ད་དུང་ཡིན་ནའང་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད། གང་བྱས་སྔོན་མ་ང་ཚོས་རིག་གནས་གསར་བརྗེ་ཞེས་ཟེར་སྡོད་ཀྱི་ཡོད་རེད། ད་ལྟ་ཡང་བོད་ནང་ལ་དེ་འདྲ་བའི་རིག་གནས་གསར་བརྗེ་ངོ་མ་ཞིག་ཆགས་ཡོང་གི་ཡོད། དེ་འདྲ་སོང་ཙང་རྒྱ་དམར་སྲིད་གཞུང་གིས་བོད་མི་མང་ལ་ཇི་ཙམ་གྱིས་གདུག་རྩུབ་བྱས་ཀྱང་ང་ཚོས་སོ་སོའི་སྤོབས་པ་མ་ཞུམ་པར་གདོང་ལེན་བྱེད་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་རེད། ང་རང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ནའང་རེད། གཞུང་འབྲེལ་ཡིན་ནའང་རེད། སྡིངས་ཆ་འདྲ་མིན་སྣ་ཚོགས་ཤིག་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་ཡོང་གི་ཡོད། བྱས་ཙང་ལས་འགུལ་རབས་དང་རིམ་པ་སྤེལ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། གང་བྱས་རྒྱ་མིས་ང་ཚོའི་ཐོག་ལ་སྡུག་པོ་ག་ཚོད་གཏོང་བ་ཡིན་ནའང་། ང་ཚོས་དེ་ལས་ལྷག་པའི་གདོང་ལེན་བྱེད་དགོས་པ་དེ་གནད་འགག་ཆེན་པོ་རེད། དེ་གཅིག་ཞུ་འདོད་བྱུང་།

རྩ་བའི་དེ་རིང་གཞུང་འབྲེལ་མཛད་སྒོ་གངས་སྐྱིད་དུ་ཚོགས་ཟིན་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་ཞུས་ཟིན་པ་རེད། བྱས་ཙང་དེ་རིང་འདིར་ངས་སྐད་ཆ་མང་པོ་ཤོད་ཀྱི་མིན། གང་བྱས་ཞུ་དགོས་པ་གཅིག་ལ། སྔོན་ལ་གཞོན་ནུའི་ཚོགས་གཙོས་གསུངས་པ་ནང་བཞིན། ང་ཚོ་ནི་གཞིས་ལ་བཞུགས་པའི་བོད་མི་ཚོའི་མགྲིན་ཚབ་རེད། དེ་འདྲ་ཡིན་ཙང་། ང་ཚོས་ཇི་ཙམ་གྱིས་ལས་འགུལ་མང་བ་སྤེལ་བ་དེ་ཙམ་གྱིས་ཁོང་རྣམ་པའི་སེམས་ཤུགས་འཕར་གྱི་རེད། ང་ཚོ་དོན་དག་མེད་པའི་གནས་ཚུལ་དང་། ང་རང་ཚོ་ནང་ཁུལ་ཚིག་མཐོ་དམན་འདྲ་པོ་དེ་འདྲའི་ཐོག་ལ་མགོ་གཡེང་ནས་མ་བཞུགས་པར་བོད་སྤྱི་པའི་རྩ་དོན་ཐོག་ལ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ཐོག་ནས་ནུས་ཤུགས་སྤུངས་དགོས་པ་གལ་ཆེན་པོ་རེད་འདུག

དེ་ནས་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་གཏན་འབེབས་ཟིན་པ་རེད། དེ་ང་རང་ཚོར་རྒྱལ་ཁ་ཤུགས་ཆེན་པོ་ཞིག་རེད། དེ་འདྲ་བའི་སྲིད་བྱུས་དེ་མི་སྒེར་ཡིན་ནའང་རེད། ཚོགས་པ་ཡིན་ནའང་རེད། མང་པོ་ཞིག་གིས་ལས་འགུལ་སྤེལ་བར་བརྟེན་ནས་བྱུང་བཞག་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་དེ་འདྲ་བའི་སྲིད་བྱུས་དེ་ཨ་རི་གཅིག་པུར་མ་ཡིན་པར་འཛམ་གླིང་ནང་བདེན་པ་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཚང་མ་ལོགས་ནས་སྲིད་བྱུས་དེ་འདྲ་བ་ཞིག་ཡོང་ཐུབ་རྒྱུའི་ཆེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ནའང་རེད། ང་རང་ཚོ་ཚང་མས་ལས་འགུལ་རབས་དང་རིམ་པ་སྤེལ་དགོས་ཀྱི་ཡོད། དེ་རིང་ངས་སྡིངས་ཆ་འདི་བརྒྱུད་ནས་དེ་གཅིག་ཞུ་འདོད་བྱུང་།

ད་ལྟ་རྔམ་སྟོན་ཁྲོམ་སྐོར་ལ་ཕེབས་གནང་གི་ཡོད་རེད། ནམ་རྒྱུན་ངས་ཟབ་སྦྱོང་དང་། རླུང་འཕྲིན་ཁག་ལ་སྐད་ཆ་དེ་འདྲ་བཤད་མྱོང་། ང་ཚོ་རྔམ་སྟོན་གནང་བའི་སྐབས་ལ་ཚིག་བེད་སྤྱོད་གཏོང་སྟངས་དེ་གནད་འགག་ཆེན་པོ་རེད་འདུག ང་ཚོའི་དགོས་འདུན་ངོ་མ་གང་ཡིན་པ་དེ་འདོན་དགོས་པ་མ་གཏོགས་པས་ང་རང་ཚོས་སོ་སོ་སོ་སོར་ང་རྒྱལ་སློང་རྒྱུ་ལྟ་བུ་མིན་པ། ངས་ག་དུས་ཡིན་ནའང་དེ་འདྲ་ཤོད་བསྡད་ཀྱི་ཡོད། (Aaloo Puri tel mey,Chin kyi neta jail mey) ཟེར་བའི་འབོད་ཚིག་དེ་ཚོ་ཕན་ཐོགས་རྒྱུ་མེད་པ་ཞིག་རེད། གང་ཡང་ཡོང་རྒྱུ་ཡོད་མ་རེད། དངོས་ཡོད་གནས་ཚུལ་མ་རེད། དེ་འདྲ་ཡིན་ཙང་ང་ཚོའི་དགོས་འདུན་གང་རེད། བརྒྱུད་ལམ་ཚོས་བལྟས་པ་ཙམ་གྱིས་ཁོང་ཚོས་དེ་རིང་རྔམ་སྟོན་བྱེད་བཞིན་པ་དེ་ནས་ཁོང་ཚོའི་དགོས་འདུན་ངོ་མ་དེ་དང་འདི་རེད་འདུག་བསམ་པ་ཞིག་བཟོ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། རྔམ་སྟོན་གནང་བའི་སྐབས་ལ་གོ་སྒྲིག་གནང་མཁན་གྱིས་དང་པོ་རང་ནས་ང་ཚོའི་འབོད་སྒྲ་གང་ཡིན་པ་དེ་གཏན་འབེབས་གནང་དགོས་པ་དང་། དེ་ལ་གཞིགས་པའི་འགྲོ་ཐུབ་པ་ཡིན་ན། དེ་རིང་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་རེད། དེ་མ་ཡིན་པའི་ད་དུང་ལས་འགུལ་མང་པོ་སྤེལ་རྒྱུ་ལྷག་བསྡད་ཡོད་རེད། ལས་འགུལ་དེ་འདྲ་སྤེལ་བའི་སྐབས་ལ་དེ་རིང་གི་ལས་འགུལ་དེའི་དགོས་འདུན་གང་ཡིན་པ་དང་། དེའི་རྗེས་ཀྱི་ལས་འགུལ་གྱི་དགོས་འདུན་གང་ཡིན་པ། དགོས་འདུན་དེ་དག་གསལ་པོ་ཞིག་བཟོ་དགོས་པ། དེ་རིང་ཁོང་ཚོས་ལས་འགུལ་སྤེལ་བཞིན་པ་དེ་བརྒྱུད་ལམ་ཁག་གིས་དེ་འདྲ་ཞིག་རེད་འདུག་བསམ་པ་ཞིག་བཟོ་དགོས་པ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལའང་བརྡ་ལན་སྤྲོད་རྒྱུ་དེ་གསལ་པོ་ཞིག་བཟོ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། གང་བྱས་ང་ཚོ་རྡོག་རྩ་གཅིག་ལ་བསྒྲིལ་བའི་ཐོག་ནས་ལས་འགུལ་རབས་དང་རིམ་པ་མང་པོ་སྤེལ་དགོས་ཀྱི་འདུག སྡིངས་ཆ་ག་རེ་ཡིན་ནའང་བེད་སྤྱོད་གཏོང་དགོས། མཐོ་རིམ་སློབ་གྲྭ་ཡིན་ན་མཐོ་རིམ་སློབ་གྲྭའི་ནང་གང་དང་གང་བྱེད་དགོས་འདུག དེ་མ་ཡིན་པར་རྒྱ་གར་མི་མང་དཀྱིལ་ལ་སྡོད་མཁན་ཡིན་ན་མི་མང་དཀྱིལ་ལ་གང་དང་གང་གནང་རྒྱུ་འདུག རྒྱ་གར་གཅིག་པུར་མ་ཡིན་པར་འཛམ་གླིང་འདིའི་ནང་བོད་པ་ས་གནས་གང་སར་ཁྱབ་ནས་བསྡད་ཡོད་རེད། སོ་སོ་སོ་སོའི་གནས་བབ་དང་འཇོན་ཐང་ལ་དཔག་པའི་ལས་འགུལ་སྤེལ་དགོས་ཀྱི་འདུག ལངས་ཕྱོགས་གང་ཡིན་ཡང་ཁྱད་པར་ཡོད་མ་རེད། གང་བྱས་བོད་ཀྱི་རྩ་དོན་སྒྲུབ་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་ང་ཚོ་ནང་ཁུལ་ལངས་ཕྱོགས་རྩོད་པ་རྒྱག་བསྡད་པ་ཡིན་ན། དེས་ང་ཚོ་སུ་གང་ལའང་ཕན་ཐོགས་ཀྱི་མ་རེད། རྒྱ་མིར་ཕན་ཐོགས་ཀྱི་རེད། ང་ཚོར་རྩ་བ་ཉིད་ནས་ཕན་ཐོགས་ཀྱི་མ་རེད། ང་ཚོ་གང་བྱས་སོ་སོའི་ལངས་ཕྱོགས་ཟིན་པའི་ཐོག་ནས་ལས་འགུལ་རབས་དང་རིམ་པ་སྤེལ་དགོས་ཀྱི་རེད་ཅེས་ཞུ་གི་ཡོད། ཐུགས་རྗེ་ཆེ། བོད་རྒྱལ་ལོ་ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་གསུང་བཤད་གནང་བ་དང་། མཛད་སྒོ་གྲུབ་མཚམས་མེག་གྷན་ནས་རྡ་ཤོད་ཀ་ཅཱ་རི་བར་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་སོང་བ་བཅས། །

 

Menu