གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད།

སྔོན་གླེང་།

༄༅། །ཕྱི་ལོ་ ༡༦༤༢ ལོར་ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་འཛུགས་གནང་བ་ནས་བཟུང་། ᨊརྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་གཉའ་ཁྲི་བཙན་པོ་ནས་བརྒྱུད་པའི་བོད་ཆོལ་ཁ་གསུམ་དུ་ཆབ་སྲིད་ཀྱི་དབང་ལུང་བདག་གིར་བཞེས་ཏེ། བོད་རང་བཙན་གྱི་གནས་བབ་བརྟན་སྲུང་ཐོག  དུས་ཡུན་ཕལ་མོ་ཆེར་ཁྱིམ་མཚེས་རྒྱལ་ཁབ་དབར་འཆམ་མཐུན་མཉམ་གནས་དང་། ཆབ་སྲིད་བརྟན་ལྷིང་། རིས་མེད་རྒྱལ་བསྟན་དར་སྤེལ་དང་། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པའི་བསྐལ་བཟང་གི་དུས་ཤིག་བསྐྲུན་གནང་མཛད་ཡོད་པའི་ཕྱག་རྗེས་ནི། བོད་ཀྱི་བྱུང་རབས་སུ་འོད་སྟོང་འཕྲོ་བའི་ལེ་ཚན་ཞིག་ཏུ་བོད་མི་རིགས་ནམ་འཚོའི་བར་དུ་གནས་ངེས་ཡིན།

དུས་རབས་ ༡༩ པའི་མཇུག་དང་ ༢༠ པའི་འགོ་ཙམ་ནས་བོད་ཀྱི་མངའ་ཐང་ཉམས་རྒུད་དུ་ཕྱིན་ཏེ། དམག་ཤེད་རིང་ལུགས་པས་འཛམ་གླིང་བསྐྱར་བགོ་ཡང་བགོའི་རྩེད་འགྲན་གྱི་འཁྲུག་ལོང་ཁྲོད། ཕྱིའི་བཙན་འཛུལ་དབང་གིས་ᨊརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་། རྒྱ་ནག  རྒྱ་གར་བཅས་པར་ཉེན་གཡོལ་དུ་ཕེབས་དགོས་ཀྱི་གནས་སྟངས་ཀྱང་བྱུང་ཡོད། ཡིན་ནའང་། ᨊརྒྱལ་དབང་བཅུ་གསུམ་པ་ཆེན་པོ་རྒྱལ་ཁབ་ཏུ་ᨊཞབས་སོར་འཁོད་འཕྲལ། ཕྱི་ལོ་ ༡༩༡༢ ལོར་བོད་ཀྱི་བདག་དབང་རང་བཙན་གྱི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་འབྲེལ། ཆབ་སྲིད་དང་འཛིན་སྐྱོང་། སློབ་གསོ། དམག་དོན་སོགས་ཀྱི་ལམ་ལུགས་ལ་དེང་རབས་དང་མཐུན་པའི་ལེགས་བཅོས་ཀྱི་ཐུགས་བརྩོན་མཛད་དེ་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཡོད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ལ་དྲག་པོའི་བཙན་འཛུལ་གྱིས། ཆབ་མདོར་བོད་ཀྱི་གཙོ་ཤུགས་དམག་དཔུང་ཕམ་ཉེས་སུ་བཏང་སྟེ་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་པའི་སྐབས། ᨊགོང་ས་ᨊརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༡༦ ཐོག་ཆབ་སྲིད་ཀྱི་ཐུགས་འགན་འབུལ་བཞེས་གནང་དགོས་བྱུང་ཞིང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་བཞག་པའི་ཡིག་ཆ་དེའི་ཆ་རྐྱེན་འོག་བོད་འབྱོར་རྒྱ་དམག་གིས་བཙན་འཛུལ་བའི་གདོང་རིས་ངོ་མ་བསྟན་ཏེ། ཧམ་ཤེད་དང་དྲག་གནོན་གྱི་རྩུབ་སྤྱོད་ཁོ་ནས་ཐ་ན་ᨊགོང་ས་ᨊསྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་ངན་བདོའི་གྲབས་གཤོམ་བྱས་སྟབས། ལོ་ངོ་ ༨ ཙམ་རིང་རྒྱ་ནག་དང་མཉམ་གནས་ཀྱི་ཐབས་ལམ་རྒྱུན་མཐུད་རྒྱུའི་གཞི་རྩ་བྲལ་ཏེ། ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།

བོད་ནང་གཡུལ་རྒྱལ་ལྷུན་རྩེ་རྫོང་དང་། རྒྱ་གར་གྱི་ཏིཛ་པུར་བཅས་པར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་འཇོག་དགོས་བྱུང་བ་དང་། ངོས་ལེན་མེད་པ་ཡོངས་བསྒྲགས་མཛད་ཅིང་། ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་རྒྱ་གར་དུ་གཞི་ཚུགས་པ་དང་བསྟུན། མགོན་པོ་གང་གིས་རིང་ནས་ཐུགས་ལ་བརྣགས་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་ལག་ལེན་དུ་བསྟར་སླད། ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང༌། གཞུང་གི་ལམ་ལུགས་ལེགས་བཅོས། བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་བཅས་རིམ་པར་མཛད་པ་དང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཆོག་མཆན་བསྩལ་ཏེ། མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ལ་སོགས་སྒྲིག་འཛུགས་ཆ་ལག་ཚང་བར་བཟོ་གནང་མཛད་ཅིང་། ༢༠༠༡ ལོར་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལམ་སྲོལ་བཟོ་གནང་མཛད།

ལྷག་པར་དུ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན། སྤྱི་ལྷན་སྐབས་ ༡༤ པའི་ཚོགས་དུས་ ༡༡ པར་གསུང་འཕྲིན་ཆེད་བསྩལ་གྱིས། ᨊགོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བཞེས་མ་དགོས་པར། འབྱུང་འགྱུར་མི་རིགས་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང༌། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞི་བསྐྱར་བཅོས་དགོས་པའི་བཀའ་ནན་བཟློག་མེད་ཕེབས་པ་དང་། གྲོས་ཚོགས་ནས་བསྐྱར་དུ་དགོངས་བཞེས་ཡོང་བའི་གསོལ་འདེབས་ཞུས་པ་ཕྱིར་སློག་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པས་རྒྱལ་ཁབ་དབུ་འཁྲིད་ཀྱི་མཛད་འཁུར་སྐྱོང་བཞེས་ཡོང་བའི་སྤྱི་མོས་ཀྱི་གསོལ་འདེབས་ཀྱང་ཞལ་བཞེས་མ་མཛད་པར་བརྟེན། གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ་གཏན་འབེབས་གནང་སྟེ། ᨊགོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་ཆ་བགོས་གནང་བ་བཅས། ལོ་རྒྱུས་ཀྱི་འགྱུར་མཚམས་རླབས་པོ་ཆེ་འདིའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་འགངས་ཆེ་བར་མཐོང་།

གྲོས་ཆོད།

ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་ᨊརྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི་རྒྱལ་བའི་ལུང་གིས་ཟིན་པའི་གངས་ཅན་བོད་དང་བོད་མིའི་མགོན་སྐྱབས་ཏེ། རྒྱལ་བློན་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའི་རོལ་གར་མཐའ་ཡས་པས་འགྲོ་བ་རྣམས་ཐུགས་རྗེས་བསྐྱངས་ཤིང་། ཁྱད་པར་དུ་ᨊགོང་ས་ལྔ་པ་ཆེན་པོ་ནས་སྐུ་ཕྲེང་རིམ་བྱོན་གྱིས་ད་བར་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འགན་བགྲང་བྱ་ ༣༦༩ རིང་བཞེས་ཏེ་བོད་མི་རྣམས་བྱམས་དང་བརྩེ་བའི་དར་དཀར་ཡུག་གཅིག་གིས་བདེ་བར་བསྐྱངས་ཤིང་། ᨊགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆོས་སྲིད་ཀྱི་མཛད་འགན་མི་ལོ་ ༦༠ རིང་བཞེས་ཏེ། གངས་ཅན་བོད་མི་རྣམས་འཛམ་གླིང་ས་ཆེན་འདིའི་སྟེང་སྔོན་ཐོན་མི་རིགས་ཀྱི་གདན་གྲལ་དུ་མགོ་འཕང་དགུང་ལ་འདེགས་ཆོག་པའི་སྤོབས་པ་སྦྱིན་པའི་བཀའ་དྲིན་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཇི་སྲིད་བསྐལ་བའི་བར་དྲིན་གཟོ་དང་རྗེས་དྲན་ཞུ་རྒྱུ་དང་། སླད་མར་ཡང་། མགོན་པོ་མཆོག་ཉིད་ནས་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསལ་བཞིན་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཀྱི་ངོས་ནས་བོད་དང་བོད་མིའི་བདེ་རྩར་ཐུགས་འགན་བསྐྱེད་བཞེས་དང་། དུས་ནས་དུས་སུ་ཞུ་སྒོའི་ལམ་སྟོན་བཀའ་སློབ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༡  ལ།

Menu