གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་གསུམ་པའི་གནས་ཚུལ་ཁ་སྐོང་།

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་༢༠༡༡།༡༠་༢༠་ཉིན་གྱི་ཞོགས་པར་བོད་ཀྱི་བུད་མེད་ཀྱི་འགོ་ཁྲིད་འོག་ཉིན་གསུམ་པའི་གཞུང་འབྲེལ་ལས་འགུལ་འགོ་འཛུགས་ཞུས། རྒྱལ་ས་ལྡི་ལི་ཡི་(Ram Lila Maidan) རམ་ལི་ལ་ཐང་ཆེན་ནས་ཇན་ཊར་མན་ཊར་བར་སྐད་འབོད་ཁྲོམ་སྐོར་ཞུས་ཤིང་། བོད་ཀྱི་བུད་མེད་ཀྱི་སྣེ་ཁྲིད་འོག་བཙུན་མ་དང་། དགེ་འདུན་པ། སློབ་ཕྲུག དེ་བཞིན་མི་མང་སུམ་སྟོང་ལྷག་མཉམ་ཞུགས་གནང་།

ཇན་ཊར་མན་ཊར་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་གཞུང་འཛིན་ཚོགས་པའི་སྐུ་ཞབས་ཅ་དུར་བེ་རྡི་(chaturvedi) ལགས་ཀྱིས་གསུང་བཤད་གནང་དོན།  དེ་རིང་བོད་མིའི་འཐབ་རྩོད་ཀྱི་ལྡིངས་ཆ་བསྐྲུན་ཏེ་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༸གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་འདི་ནི་ཞི་བ་དང་། ཀུན་ཁྱབ་རང་བཞིན་ཅན་གྱི་འཐབ་རྩོད་ཅིག་ཡིན་པར་བརྟེན་འཛམ་གླིང་མི་མང་ལ་ཡོངས་ཁྱབ་གསལ་རྟོགས་བྱུང་ཡོད་པ་རེད།

ད་ལྟ་བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་འགྲོ་བཞིན་པ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་ལ། ང་ཚོས་ངོས་ནས་འབྲེལ་མོལ་འདིར་མཐུན་རྐྱེན་གང་འདྲ་ཞིག་སྦྱར་དགོས་ནའང་གྲ་སྒྲིག་ཨང་བསར་ཡོད་ཞུ་རྒྱུ་ཡིན།

ད་ལྟའི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་འདིས་རྒྱ་ནག་གི་སྲིད་བྱུས་ནི་ཆེས་གདུག་རྩུབ་དང་གཉའ་གནོན། བཙན་དབང་ཞིག་ཡིན་པར་ངོས་འཛིན་ཐུབ་པ་དང་། མཚོན་རྟགས་ཤིག་ཀྱང་རེད།

ཁྱེད་ཚོ་བོད་པ་རྣམས་སྐུ་མགྲོན་གྱི་ཚུལ་དུ་བཞུགས་ཡོད་པ་རེད། ཡིན་ནའང་། བོད་ཕྱི་ནང་གཉིས་སུ་ལོ་ངོ་ ༥༠ རིང་བོད་པ་རང་གི་རིག་གཞུང་དང་། ནང་ཆོས་སོགས་ལ་བདག་སྐྱོང་ཡག་པོ་ཐུབ་ཡོད་པ་དེ་ནི་ཧ་ཅང་གི་རླབས་ཆེན་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པས་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན།

བོད་ཀྱི་རིག་གཞུང་དེ་ནི་སྤྱིར་བཏང་གི་རིག་གཞུང་ཙམ་མ་ཡིན་པར་ནང་པའི་ཆོས་དང་འབྲེལ་བ་ཡོད་པའི་རིག་གཞུང་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཀུན་གྱིས་རིག་གཞུང་འདིར་དོ་སྣང་དང་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་རེད།

ཉེ་བའི་ཆར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་ཆིབས་བསྒྱུར་གནང་མ་ཐུབ་པ་དེའང་རྒྱ་ནག་གཞུང་གི་ཐེ་བྱུས་དང་གནོན་ཤུགས་ཡིན་པར་ངོས་འཛིན་ཐོག་བློ་ཕམ་གྱི་རང་བཞིན་ཅིག་ཆགས་ཀྱི་འདུག

ངོ་མ་བཤད་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་དང་གུས་བརྩི་ཞུས་པ་དེ་ལ་རྒྱ་ནག་གཞུང་ངོས་ནས་དགའ་བསུ་བྱེད་དགོས་པ་ཞིག་རེད།

འབྱུང་འགྱུར་ཚང་མས་འབད་བརྩོན་དང་ཐུགས་སྣང་ཆེན་པོས་ཐོག་ནས་བོད་ཀྱི་དཀའ་རྙོག་གང་མགྱོགས་སེལ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན་ཞེས་སོགས་གསུང་པ་དང་།

འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་ཚོགས་མི་སྐུ་ཞབས་མ་ཧེ་ཞི་ཅ་ཌཱ་(Mahesh chadha)ལགས་ཀྱིས། རྒྱ་ནག་གི་སྲིད་བྱུས་ལྡན་པའི་ཐོག་ནས་བྷང་ལ་རྡེཤ་དང་། འབར་མ་སོགས་བརྒྱུད་རྒྱ་གར་གྱི་མཐའ་ཚང་མ་བསྐོར་ཡོད་པ་རེད། དེ་ནི་རྒྱུ་མཚན་གཞན་གྱིས་མིན་པར་བོད་ཤོར་བ་ལ་བརྟེན་ནས་བྱུང་བ་རེད། བོད་ཕྱི་ནང་གཉིས་སུ་རང་དབང་གི་འབོད་སྒྲ་རྒྱུན་མ་ཆད་པར་ཡོད་པ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ཀྱི་བཀའ་དྲིན་རེད། ངས་ཁྱེད་ཅག་གི་རླབས་ཆེན་གྱི་འཐབ་རྩོད་རྒྱུན་གནས་དང་། བོད་ཀྱི་རང་དབང་མགྱོགས་སུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དང་།

རྒྱ་གར་གྱི་ཁྲིམས་དཔོན་དང་། བོེད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་Mr J.P,Sharma ཤར་མ་ལགས་ཀྱིས། བོད་མི་རྣམས་ལ་ཁྲིམས་དང་འབྲེལ་བའི་ལས་དོན་ཡོད་རིགས་ང་ལ་འབྲེལ་བ་བྱེད་རོགས་ཞུ། ང་ནི་ཁྲིམས་དོན་ཆེད་ལས་པ་ཞིག་ཡིན་པས་ངོས་ནས་བོད་པ་ཚོར་རོགས་རམ་ཞུ་ངེས་ཡིན།

ངེད་ཀྱིས་དེ་རིང་གི་ལྡིངས་ཆ་འདི་ལ་གུས་བརྩི་ཞུ་བཞིན་ཡོད། ལྡིངས་ཆ་འདི་ནི་བོད་ཀྱི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་རྣམས་ལ་མྱ་ངན་དང་། གདུང་སེམས་མཉམ་བསྐྱེད་ཞུ་ཡུལ་གཟི་བརྗིད་ལྡན་པ་ཞིག་རེད། དེ་འདྲ་ཡིན་པར་བརྟེན་གོ་སྐབས་འདི་བཟུང་ནས་དཔའ་བོ་རྣམ་པར་དྲན་གསོ་རྗེས་དྲན་ཞུ་བཞིན་ཡོད།

ང་ཚོས་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་དབུ་ཁྲིད་དང་། བོད་མི་རིགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཕར་བལྟས་ཚོད་ལ་འདིར་ང་ཚོ་མི་ཉུང་ཉུང་ཙམ་ལས་མེད་པར་མངོན་ཡང་། ང་ཚོའི་སེམས་ནང་ནམ་ཡང་ཁྱོད་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས།

རྒྱ་གར་ནང་པའི་དགེ་སློང་བི་ཤཝ་བན་རྡུ་(Vishwa Bandu)ལགས་ཀྱིས།  ཁྱེད་རང་ཚོས་གནང་བཞིན་པའི་འཐབ་རྩོད་ལ་རྒྱལ་ཁ་མེད་པ་མ་རེད། རྒྱ་གར་གྱིས་ཀྱང་འཐབ་རྩོད་མང་པོ་ཞིག་བྱས་པའི་མཇུག་འབྲས་ནས་རང་དབང་རང་བཙན་ཐོབ་པ་རེད། ང་ཚོའི་གཞུང་དང་། ང་ཚོས་ངོས་ནས་བོད་པའི་དཀའ་ངལ་མཐོང་བསྡད་པ་མ་གཏོགས་འདི་བྱེད་དགོས་བསམ་པ་ཞིག་དེ་ཙམ་གྱིས་བྱེད་ཐུབ་ཀྱི་མེད་ཀྱང་། ཁྱེད་ཚོའི་འཐབ་རྩོད་དང་རེ་བ་ལ་གྲུབ་འབྲས་མེད་པ་ཞིག་གཏན་ནས་མ་རེད། དེའི་ཕྱིར། འཐབ་རྩོད་རྒྱུན་སྐྱོང་གནང་དགོས་པ་དེ་གལ་ཆེན་པོ་རེད།

བྷི་ཇེ་པི་ཚོགས་པའི་བོད་དོན་འགན་འཁུར་བ་ཨ་ནིལ་གུབ་ཏ་(Anil Gupta) ལགས་ཀྱིས་གསུང་དོན། ཁྱེད་ཅག་གིས་འཐབ་རྩོད་ནི་གཞི་རྩའི་འགྲོ་བ་མིའི་རང་དབང་དང་། ཐོབ་ཐང་སོགས་དང་འབྲེལ་བའི་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ཞིག་རེད། ལས་འགུལ་སྤེལ་བར་ཚང་མས་སྙིང་སྟོབས་མ་ཉམས་པའི་ཐོག་ནས་འཐབ་རྩོད་བྱེད་དགོས་པ་གལ་ཆེན་པོ་རེད། ཡིན་ནའང་། ལས་འགུལ་ག་རེ་སྤེལ་ན་ཡང་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད། རྒྱ་ནག་གིས་སྒོ་སྣ་ཚོགས་དང་། ལྷག་པར་རྒྱལ་ཁབ་གཞན་བེད་སྤྱོད་བཏང་སྟེ་བོད་པ་ནང་ཁུལ་ཁ་བྲལ་གྱི་ལས་འགུལ་མི་སྤེལ་བའི་ངེས་པ་མེད་པ་རེད། ཚང་མས་ལས་འགུལ་དང་མཉམ་དུ་ཐུགས་གཟབ་གནང་དགོས་པ་གལ་ཆེན་པོ་རེད།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། རྩོམ་རིག་མཁས་དབང་ཏརི་ཁ་(N.Trikha) མཆོག་གིས་གསུང་དོན། རྒྱ་མིས་བོད་པ་ཚོས་འཇིགས་སྐུལ་རིང་ལུགས་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་པ་རེད་ཟེར། རྒྱ་གཞུང་གིས་ལབ་སྟངས་དེར་བལྟས་ན་བོད་ཀྱི་འཐབ་རྩོད་ཀྱི་གནས་ཚད་མཐོ་བོ་ཡིན་པའི་རྟགས་ཅིག་མཐོང་ཐུབ། རྒྱ་གཞུང་ཅི་བཤད་འདི་བཤད་མེད་པ་ཆགས་ཀྱིན་ཡོད་པ་རེད། ཇི་སྲིད་བོད་ཀྱི་དཀའ་ངལ་མ་སངས་བར་རྒྱ་གར་གྱི་དཀའ་ངལ་ཡང་སངས་མི་ཐུབ། བོད་པའི་ད་ལྟའི་འཐབ་རྩོད་ཀྱི་ལ་རྒྱ་དང་། སེམས་ཤུགས། གཟི་བརྗིད་སོགས་ཉམས་རྒྱུ་ཡོད་པ་མ་རེད་ལ། སྔར་ལྷག་གིས་དམ་བཅའ་བརྟན་པོས་སྒོ་ནས་མདུན་བསྐྱོད་བྱེད་རྒྱུ་གལ་ཆེན་པོ་རེད།

རྒྱ་གར་སྤྱི་ཚོགས་ཞབས་ཞུ་བ་(Jaya Jaitley) ལགས་ཀྱིས་གསུང་དོན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐབས་རྡུགས་ཀྱི་གནས་བབ་ལ་ང་ཚོ་ཚང་མ་བློ་འཚབ་ཆེན་པོ་ཡོད། དེ་བཞིན་བོད་པ་ཚོ་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་བར་བློ་ཕམ་ཡོད། ཚང་མ་རྡོག་རྩ་གཅིག་བསྒྲིལ་གྱིས་གདོང་ལེན་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་གསུང་།

༨༽རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཚོགས་པའི་ལྕམ་སྐུ་ཨུ་ཤ་ཡ་ལྡབ་(Madam Usha yadaw of SAMAJVADHI PARTY, A NATION WIDE SOCIALIST PARTY )ལགས་ཀྱིས་གསུང་དོན། རྒྱ་གར་ལ་ཚོགས་པ་མང་པོ་ཡོད་པ་རེད། ཚོགས་པ་ཚང་མ་ཁྱེད་ཚོ་བོད་པ་དང་སྐྱིད་སྡུག་མཉམ་མྱོང་ཡིན། ད་ལྟའི་དུས་ཚོད་ལ་བོད་པ་ཚང་མ་འབུ་གྲོག་མ་བཀྲམས་པ་ནང་བཞིན་འཛམ་གླིང་གང་སར་ཁ་བཀྲམས་བསྡད་ཡོད་པ་རེད། ཡིན་ཡང་། ད་ལྟའི་བོད་པའི་འཐབ་རྩོད་ཀྱི་ཁྲག་ཚ་བོ་ཆགས་ནས་ཡོད་པ་དེ་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད་པ་དང་།

ཕྱི་ཚེས་༢༠་ཉིན་ཁྱོན་བསྡོམས་རྒྱ་གར་གྱི་སྐུ་མགྲོན་གྲངས་༡༧ གྱིས་གསུང་བཤད་གནང་ཡོད་པ་དང་། གཞན་ཡང་ང་ཚོ་བོད་པའི་མདུན་ལ་མེད། བོད་པའི་རྒྱབ་ལ་མེད། བོད་པ་དང་མཉམ་དུ་ཡོད་ཅེས་གསུང་བཤད་གནང་མཁན་མང་པོ་ཞིག་ཀྱང་ཐོན་ཡོད་པ་བཅས།།

Menu