གཞུང་ཞབས་གཟེངས་རྟགས་སྒྲིག་གཞི་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་འགོ་འཛུགས།

སྐབས་ ༡༥ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག  བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་འཛུགས་དགོས་པའི་ ཡིག་ཆ་ཨང་ ༡༣༠ པ་སྤྱི་མོས་གཏན་འབེབས་གནང་བའི་གྲོས་ཆོད་དགོངས་དོན་བཞིན། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་སུ་བསྐོ་གཞག་བསྩལ་ཡོད་པ་དང་། ཚོགས་ཆུང་གིས་ཕྱི་ཟླ་ ༡༢ ཚེས་ ༧ ནས་ལས་དོན་དབུ་འཛུགས་གནང་ཡོད།

 

ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ནས་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་བ་ལྟར་ན། ཚོགས་ཆུང་ནས་གཟེངས་རྟགས་སྒྲིག་གཞི་འདི་དང་འབྲེལ་བའི་སྐབས་ ༡༤ པའི་གྲོས་ཚོགས་ཀྱི་ཆེད་བཙུགས་ཞིབ་འཇུག་ཚོགས་ཆུང་ཁག་གཉིས་ཀྱི་སྙན་ཐོར་བསྐྱར་བཅོས་ཞུ་འོས་ཁག་དང་། བཅའ་ཁྲིམས་བསྐྱར་བཅོས་སོང་ཟིན་པའི་རྗེས་འབྲེལ་གྱི་བསྐྱར་བཅོས་ཞུ་འོས་ཁག་བཅས་པར་བསྐྱར་ཞིབ་གནང་སྟེ། ཕྱི་ཚེས་ ༡༤ ཉིན་སྒྲིག་གཞི་བསྐྱར་བཅོས་ཀྱི་ཐོག་མའི་རགས་ཟིན་རོབ་ཙམ་གྲུབ་སྟེ་བཀའ་ཤག་དང་འདེམས་ལྷན་ལ་དགོངས་འཆར་བསྡུ་ལེན་ཆེད་འབུལ་ལམ་ཞུས་ཡོད་པ་དང་སྦྲགས། ཟླ་ ༡ ཚེས་ ༣༡ བར་ཁུངས་སོ་སོའི་དགོངས་འཆར་ཚོགས་ཆུང་ལ་འབུལ་དགོས་པའི་དུས་བཀག་སྐུལ་འདེབས་བྱས་ཡོད། དགོངས་འཆར་ཁག་འབྱོར་མཚམས། ཚོགས་ཆུང་ནས་སྒྲིག་གཞིར་སྤྱི་ཡོངས་ཞིབ་འཇུག་གནང་སྟེ། གྲོས་ཚོགས་ཚོགས་དུས་ ༣ པའི་སྟེང་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་འབུལ་ཡིན་ཞེས་གསུངས་ཤིང་། སྒྲིག་གཞི་འདི་དང་འབྲེལ་བའི་གྲོས་ཆོད་གཤམ་གསལ།

གཞུང་འབྲེལ་གྲོས་ཆོད།

སྔོན་གླེང།

༄༅། །བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་རྟགས་ཚོགས་ཆུང་ནས་གཟེངས་རྟགས་འབུལ་སྲོལ་འདི་བཞིན་དགེ་ལས་སྐྱོན་ཆེ་བས་སྒྲིག་གཞི་འདི་ཕྱིར་བསྡུ་གནང་ན་དགེ་མཚན་ཡོད་སྐོར་ཕྱི་ལོ་ ༢༠༠༩ ལོར་སྤྱི་འཐུས་རྒྱུན་ལས་སུ་སྙན་གསན་བྱུང་བས་སྤྱི་འཐུས་བཞུགས་མོལ་ཚོགས་འདུར་བཀའ་བསྡུར་གནང་སྐབས་སྒྲིག་གཞི་ཕྱིར་བསྡུ་མི་དགོས་པར་དེའི་ཐོག་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ནས་ཚོགས་ཆུང་གི་སྙན་ཐོའི་ཐོག་བགྲོ་གླེང་དང་འབྲེལ་ཐག་གཅོད་གནང་རྒྱུའི་མང་མོས་བྱུང་དོན་བཞིན་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་གྲོས་ཆོད་དགོངས་དོན་བཞིན། གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ཆེད་བཙུགས་ཀྱི་སྙན་ཐོ་གྲོས་ཚོགས་སུ་ཕུལ་འབྱོར་གྱི་མཐའ་དོན་རྒྱབ་གཉེར་ནང། ད་ལྟའི་གཟེངས་རྟགས་འབུལ་བའི་ལམ་སྲོལ་འདིས་དམིགས་ཡུལ་བཞིན་དོན་ཕན་སོས་པ་བྱུང་མི་འདུག་པས་སྒྲིག་གཞི་ཕྱིར་བསྡུ་དང་འབྲེལ་ལམ་སྲོལ་མེད་པ་བཟོ་ལེགས་སྐོར་གསལ་བར་འགྲོ་གླེང་མཐིལ་ཕྱིན་གནང་མཐར། གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་གསར་བཟོའི་སླད་སྤྱི་འཐུས་གསུམ་ལས་གྲུབ་པའི་ཆེད་བཙུགས་ཚོགས་ཆུང་ཟུར་འཛུགས་གནང་རྒྱུ་གནང་བ་ལྟར་གནང་སྟེ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་སྒྲིག་གཞིའི་འཆར་ཟིན་ཕུལ་འབྱོར་བྱུང་བ་གྲོས་ཚོགས་སུ་འཆར་འབུལ་སླད་བཀའ་ཤག་ནས་རྒྱབ་གཉེར་ཞུས་ཀྱང་རྒྱབ་གཉེར་མ་ཐོན་སྟབས་དེ་མུར་ལུས་ཤིང། ཉེ་སྔོན་གྲོས་ཚོགས་ཀྱིས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོའི་ནང། ད་ཡོད་གཟེངས་རྟགས་འདི་བཞིན་མུ་མཐུད་དགོས་ཕན་ཅན་ཞིག་མ་མངོན་པས་ཆ་ཚང་ཕྱིར་བསྡུ་གནང་རྒྱུར་གཟེངས་རྟགས་ཚོགས་ཆུང་ནས་རྒྱབ་གཉེར་ཡིག་ཆུང་གནང་འབྱོར་བྱུང་བས། དེ་ལྟར་ངོས་འཛིན་གྱིས་གོང་གསལ་སྒྲིག་གཞིར་བསྐྱར་བཅོས་འཆར་ཟིན་ཕུལ་མེད་ཀྱང་ཕྱིར་བསྡུ་གནང་མིན་གྲོས་ཚོགས་ནས་བབ་གཟིགས་དགོས་རྒྱུ་ཞེས་གསལ་ཡོད། ཉེ་སྔོན་ཕྱི་ ༢༠༡༡ ཟླ་ ༩ ཚེས་ ༡༦ ཉིན་སྤྱི་འཐུས་རྣམ་པ་རྒྱས་འཛོམས་བཞུགས་མོལ་ཚོགས་འདུའི་སྐབས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་འདི་བཞིན་ཕྱིར་བསྡུ་དགོས་དང་དགོས་མིན་སྐོར་དགོངས་བསྡུར་ལྷུག་ཙམ་གནང་བར་མཐར་གཟེངས་རྟགས་ཀྱི་སྒྲིག་གཞི་ཕྱིར་བསྡུ་མི་དགོས་པའི་ཐོག་སྒྲིག་གཞི་འདིར་ལེགས་ཆའི་བསྐྱར་བཅོས་ཀྱི་ཟིན་བྲིས་ཚོགས་ཆུང་ཞིག་ཟུར་འཛུགས་གནང་དགོས་པར་མང་མོས་བྱུང་བར་བརྟེན་ད་ལམ་གྲོས་ཆོད་ཅིག་འཇོག་དགོས་མཐོང།

གྲོས་ཆོད།

བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞིར་ལེགས་སྤེལ་བསྐྱར་བཅོས་ཀྱི་ཟིན་བྲིས་འགོད་མཁན་སྤྱི་འཐུས་གསུམ་ལས་མ་ཉུང་བའི་ཆེད་བཙུགས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གནང་དགོས་པ་དང། ཚོགས་ཆུང་གིས་བསྐྱར་བཅོས་གནང་འོས་སྤྱི་དང། བྱེ་བྲག་བསྐྱར་བཅོས་དང་འབྲེལ་བའི་བཀའ་ཤག་དང་འབྲེལ་ལམ་ཞུ་འོས་ཁག་ཞུ་རྒྱུ་དང་བཅས་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་དང། སྙན་ཐོ་བཅས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་འབུལ་ཐུབ་པ་དགོས་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་དུ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ལ།།

Menu