གཞུང་མང་ཚོགས་ཆེན་ནས་ྋགོང་ས་མཆོག་ལ་གསོལ་འདེབས་སྙན་ཞུ་དང་པོ།

༄༅།། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ལྷ་མིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋཞབས་པད་གསེར་ཁྲི་མངོན་པར་མཐོ་བའི་དྲུང་དུ།

གུས་འབངས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་བཅར་བའི་ཚོགས་མི་སྤྱི་མགྲིན་ནས་སྒོ་གསུམ་རབ་གུས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ་ྋལྷ་སྙན་རིན་པོ་ཆེར་སྒྲོན་འབུལ་མ་ཞུས་མཐུ་མེད་ལ་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་ཐུགས་ཀློང་རྙོག་འགལ་གཞར་ཡང་མི་བཞེས་པ་ཅི་ནས་མཁྱེཻན། མཁྱེཻན། མཁྱེཻན་ཞེས་གསོལ་བ་སྔོན་དུ་བཏང་སྟེ་ད་སྒོས་ཞུ་དོན་སྙིང་པོར། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་གང་ཉིད་ཀྱིས་བོད་བསྟན་སྲིད་ཆེད་འཕྲལ་ཕུགས་ཀྱི་དགག་དགོས་རྒྱུ་མཚན་དུ་མར་དགོངས་བཞེས་རླབས་ཆེན་གྱིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེང་རབས་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་བཞིན་ད་ཆ་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང༌། ནམ་ཞིག་ྋགོང་ས་མཆོག་གི་དབུ་ཁྲིད་མེད་པའི་དུས་ཤིག་ཤར་ཚེ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཡོང་ཐབས་སུ་ད་ལྟ་ནས་མྱོང་གོམས་གསོག་རྒྱུ་སོགས་ཀྱི་སླད་འདི་ལོ་ཕྱི་ཟླ་གསུམ་པའི་ནང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་ྋགོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་འཁྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱེད་པའི་འགོ་ཁྲིད་རྣམས་ལ་གསོལ་བསྩལ་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པར། སྤྱི་འཐུས་གྲོས་ཚོགས་ཀྱིས་སླར་ཡང་དེ་འདྲའི་བཀའི་ཕེབས་སྒོ་མི་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་ཞལ་བཞེས་མ་ཐོབ་པ་བཅས་ལ་བརྟེན་གཞིས་བྱེས་བོད་མི་ཡོངས་རྫོགས་ཟས་བཅུད་གཉིད་བྲལ་གྱི་གནས་སུ་གྱུར་ཀྱང༌། མགོན་པོ་ཐུགས་རྗེ་གཏེར་ཆེན་གང་ཉིད་ཀྱིས་དུས་གསུམ་གསལ་གཟིགས་ཀྱི་ལམ་སྟོན་འདི་དག་བོད་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་དང་མདུན་ལམ་ལ་ཕན་ཐོགས་དགེ་མཚན་ཡོད་པ་གོར་མ་ཆག་སྙམ་པའི་ཡིད་ཆེས་དང་བཅས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ལས་མ་འདས་གཤིས། དེ་དོན་བཅའ་ཁྲིམས་བསྐྱར་བཅོས་ཞུ་རྒྱུའི་ལས་རིམ་འགྲོ་བཞིན་པ་དེ་ལྟར་ཡང༌། བོད་མིའི་ཆབ་སྲིད་ཀྱི་གནས་བབ་ལ་རླབས་ཆེའི་འགྱུར་བ་བློ་ཡུལ་དུ་མི་ཤོང་བ་ཞིག་འགྲོ་བའི་སྐབས་འདིར་གཙོ་ཆེར་བོད་མིའི་ལས་སྨོན་གྱི་འབྲེལ་བའི་ྋགོང་ས་མཆོག་གི་མགོན་སྐྱབས་དང་མི་འབྲལ་བ་མཚོན་ཐབས་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་གྱི་ངོ་བོ་རྒྱུན་གནས་ཐུབ་ཐབས། བོད་ཀྱི་རྩ་དོན་སླད་བོད་རྒྱའི་འབྲེལ་ལམ་གྱིས་མཚོན་རྒྱལ་སྤྱིའི་ནང་བོད་མིའི་ངོས་འཛིན་དང་འབྲེལ་མཐུད་ཉམས་ཆག་མི་འབྱུང་བ་སོགས་འཕྲལ་དང་ཡུན་གྱི་དགོས་པ་དང་རྒྱུ་མཚན་རྣམ་མང་ལ་བསམ་གཞིགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་སྐབས་སྔོན་གླེང་དང་དོན་ཚན་དང་པོའི་ཚིག་བརྗོད་གསར་པ་ཞིག་མ་བསྐྲུན་ཐབས་མེད་ཀྱི་བསམ་ཚུལ་གཞིས་བྱེས་བོད་མི་ཡོངས་ལ་ཤུགས་ཆེ་ཡོད་པའི་གནས་བབ་ད་རེས་མང་ཚོགས་ཀྱི་ངོ་ཚབ་མཚོན་ངེས་ཀྱི་ཚོགས་མི་རྣམས་བརྒྱུད་སེམས་ཚོར་ཤུགས་ཆེ་གསལ་སྟོན་བྱུང་བ་བཞིན། ཚོགས་ཆེན་དུ་གོ་བསྡུར་སྦྱངས་བཤད་ཞིབ་ལྷུག་ཞུས་རྗེས་སྤྱི་མོས་མོས་མཐུན་བྱུང་བའི་རགས་ཟིན་འདི་མཉམ་ཟུར་དུ་འབུལ་ལམ་ཞུས་ཡོད་པ་ལྟར་དེ་དག་བཅའ་ཁྲིམས་བསྐྱར་བཅོས་སྐབས་འགོད་འཐུས་ཆོག་པའི་བཀའ་འཁྲོལ་ཅི་ནས་ཡོང་བའི་གསོལ་བ་རྩེ་གཅིག་ཏུ་སྙིང་ཁོང་རུས་པའི་གཏིང་ནས་འདེབས་རྒྱུ་ལགས་ན་དེ་དོན་བཀའ་འཁྲོལ་སྤྱི་སྨིན་ཡོང་བ་དང༌། བརྗོད་ཚིག་ཁག་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་གཟིགས་ཚེ་དེ་དག་ཀྱང་བཀའ་གསལ་སྤྱི་སྩོལ་ཡོང་བ་ཞུ་རྒྱུ་བཅས་དེ་དོན་རྣམ་མཁྱེན་ཆོས་ཀློང་ཡངས་པོར་ཡུད་ཙམ་མངའ་བ་ཅི་ནས་མཁྱེཻན། མཁྱེཻན། མཁྱེཻན་ཞེས་གསོལ་བ་འདེབས་རྟེན་རབ་དཀར་ལྷ་གོས་དང༌། མཎྜལ་རྟེན་དོད་སྒོར་ ༥༥༥ བཅས་གུས་འབངས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་ནས། བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༤ ལ་

ཕུལ་བའི་

ྋསྙན་ཞུ།།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང༌།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ།

Menu