ཁྲིག་རྩེ་རིན་པོ་ཆེ་མཆོག་དང་ལྷན་ལ་དྭགས་སྐུ་ཚབ་ཚོགས་ཆུང་ཞིག་གྲོས་ཚོགས་སུ་ཕེབས་པ།

༄༅། །དེ་རིང་སྔ་དྲོ་ཚོུད་ ༡༡།༠༠ ཐོག་ལ་དྭགས་ནས་ཡིན་པའི་ཁྲིག་རྩེ་རིན་པོ་ཆེ་མཆོག་དང་། ལ་དྭགས་ནང་པའི་ཚོགས་གཙོ་དང་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་མཆོག  ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་རྒན་ཤེས་གྲུབ་བྱམས་པ་ལགས་གཙོས་ཕེབས་མི་ལྔ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་གནང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གི་ཕེབས་བསུ་སྣེ་ལེན་ཞུས་གནང་། དེ་རྗེས་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་ཁང་དུ་གདན་ཞུས་གནང་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་གྲོས་ཚོགས་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ངོ་སྤྲོད་གནང་ནས་གསོལ་ཇ་བཞེས་ཏོག་མཉམ་བཞེས་གནང་སྐབས། ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡ ནས་ ༨ བར་དབུས་རྒྱ་གར་གྲོས་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་འགྲོ་བཞིན་པའི་སྐབས་སུ་ལྡི་ལིར་ཆེད་ཕེབས་གནང་ནས་གྲོས་ཚོགས་འཐུས་མི་གང་མང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ལ་དྭགས་ནས་ཡིན་པ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་མཇལ་འཕྲད་གོ་སྐབས་སྐོར་དང་། དེ་བཞིན་ཉེ་ཆར་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་བོད་དང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅིངས་འགྲོལ་གྱིལས་འགུལ་གྱི་ཚོགས་ཆེན་རྒྱ་གར་མངའ་སྡེ་ཡུ་པིའི་རྒྱལ་ས་ལཀ་ནའོ་རུ་ཚོགས་ཡོད་པའི་སྐབས་རྒྱ་གར་མི་སྣ་མང་པོ་མཇལ་འཕྲད་དང་བོད་དོན་གོ་རྟོགས་སྤེལ་ཐུབ་ཡོད་པ་བཅས་ཐོག་བཀའ་བསྡུར་གནང་རྗེས་སྐུ་མགྲོན་རྣམ་པར་སྤྱི་འཐུས་ལྷན་ཚོགས་ནས་ཕེབས་སྐྱེལ་ཞུས་པའི་གནས་ཚུལ་དུ།།

 

Menu