ཁྲི་འདུ་ཟིལ་དཀར་དགོན་གྱི་དགེ་འདུན་པ་གསུམ་འཛིན་བཟུང་།

སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་སུ་འབྲེལ་ཡོད་ཀྱིས་ཁ་པར་བརྒྱུད་ནས་ཁུངས་ལྡན་གནས་ཚུལ་སྤྲད་དོན་ལྟར་ན། ཁ་སང་ཉིན་གུང་ཙམ་ལ་ཁྲི་འདུ་རྫོང་ཟིལ་དཀར་དགོན་གྱི་མཁར་རོང་སྡེ་པ་ནས་ཡིན་པ་ཕ་ཕུན་ཚོགས་དབང་རྒྱལ་གྱི་བུ་གྲྭ་བསོད་ནམས་དགེ་བ་དང་། འབྲི་སྨད་སྡེ་པ་ནས་ཡིན་པ་ཕ་བཀྲ་ཚེའི་བུ་གྲྭ་བློ་བཟང་བསམ་གཏན། གེ་ཤ་སྡེ་པ་ནས་ཡིན་པ་ཕ་གཏེར་ཁུའི་བུ་གྲྭ་བློ་བཟང་ཉི་མ་གསུམ་ས་གནས་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་གིས་ཁྲིད་ཡོད་པ་དང་། ད་ལྟ་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་མི་འདུག

དེ་ཡང་ཟླ་ ༢ ཚེས་ ༨ ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་དགེ་འདུན་པ་དང་ཉེ་སྐོར་གྱི་མང་ཚོགས་ ༡༤༠༠ ཙམ་གྱིས། ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེའི་གཙོས་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས། བོད་མིའི་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་ཞེས་རས་གཞི་དཀར་པོའི་སྟེང་ཡི་གེ་སྔོ་དམར་གཉིས་ཀྱིས་བྲིས་པའི་འཕྲེད་དར་འཕྱར་བཞིན་རྫ་སྟོད་གྲོང་བརྡལ་དུ་བསྐྱོད་སྐབས། རྒྱ་དམག་གིས་མདུན་བཀག་སྟེ་ཆུ་ཚོད་ ༣ ལྷག་སྐད་འབོད་བྱས་ཡོད་པ་རེད། །

Menu