ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་སྐུ་ཞབས་སན་དྷར་ལལ་ བ་ཧུ་གྷུ་ན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་གནང་བ།


༄༅། །རྒྱ་གར་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་ (Chipko movement) སྣེ་འཁྲིད་གནང་མཁན་དང་། ཁོར་ཡུག་སྲུང་སྐྱོབ་པ་སྙན་གྲགས་ཅན་སྐུ་ཞབས་སན་དྷར་ལལ་ བ་ཧུ་གྷུ་ན་ (Shri Sundarlal Bahuguna, Eminent environmentalist) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༢ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་། རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དེ་ཡང་དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ཝིམ་ལ་ བ་ཧུ་གྷུ་ན་ (Smt Vimla Bahuguna) མཆོག་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་སན་དྷར་ལལ་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་ཁོར་ཡུག་སྲུང་སྐྱོབ་པ་སྙན་གྲགས་ཅན་ཞིག་དང་། བདག་ཉིད་ཆེན་པོ་གན་དྷིའི་རྗེས་འབྲངས་པ། རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་ (Padma Vibhushan) བཞེས་མྱོང་མཁན་ཞིག་ཡིན།

སྐུ་ཞབས་སན་དྷར་ལལ་མཆོག་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་སླད་སྐུ་ཚེ་ཧྲིལ་པོར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཤིང་ནགས་གཅོད་འབྲེགས་སོགས་ལ་ངོ་རྒོལ་གྱིས་ལས་འགུལ་རིམ་པ་མང་པོ་སྤེལ་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༧༠ ནང་ཤིང་ནགས་གཅོད་འབྲེགས་ལ་ངོ་རྒོལ་གྱི་ལས་འགུལ་ (Chipko movement) ཞེས་པ་སྣེ་འཁྲིད་དང་། ཕྱི་ལོ་ ༡༩༨༠ ནས་འགོ་འཛུགས་ཏེ་ ༢༠༠༤ ཡི་ལོ་སྟོད་བར་ཏཱེ་རི་ (Tehri) ཚུ་མཛོད་བརྒྱབ་རྒྱུར་ངོ་རྒོལ་སྣེ་འཁྲིད་གནང་ཡོད། དམ་པ་ཁོང་གིས་ཧི་མ་ལ་ཡའི་རི་རྒྱུད་དང་། དེའི་ནགས་ཚལ་སྲུང་སྐྱོབ་སླད་ངལ་བ་འཛེམས་མེད་ཐོག་སྐུ་ལས་བསྐྱོན་པར་བརྟེན། ཕྱི་ལོ་ ༡༩༨༠ ནང་སྐབས་དེའི་རྒྱ་གར་སྲིད་བློན་མཆོག་གིས་ལོ་བཅོ་ལྔའི་རིང་ཤིང་ནགས་གཅོད་འབྲེགས་མི་ཆོག་པ་བཟོས་གནང་ཡོད། དམ་པ་ཁོང་གིས་རྒྱ་གར་གཞུང་མང་གཉིས་ལ་རླབས་ཆེན་གྱི་ཞབས་ཕྱི་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན།

དམ་པ་ཁོང་ལ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་ཁ་ཤས་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེ་དུས་དམ་པ་ཁོང་ནས་༧གོང་ས་མཆོག་ལ་གུས་བརྩི་ཆེན་པོ་ཡོད་སྐོར་གསུངས་ཡོད།

སྐུ་ཞབས་དམ་པ་སན་དྷར་ལལ་མཆོག་ནི་བོད་ཀྱི་རྩ་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། དམ་པ་ཁོང་སྐུ་འཚོ་ཞུགས་སྐབས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་དང་། ཁོར་ཡུག་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་སོགས་ལ་མཉམ་ཞུགས་ཐེངས་མང་གནང་ཡོད། དཔེར་ན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་(India International Centre) གཉིས་ཟུང་སྦྲེལ་གྱིས་བོད་ཀྱི་ཁོར་ཡུག་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པའི་ཐོག་དམ་པ་ཁོང་གསུང་བཤད་གནང་མཁན་གྱི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་ཡོད། ང་རང་སྒེར་ལ་མཚོན་ན། དམ་པ་ཁོང་དང་ལྷན་ཕྱི་ལོ་ ༡༩༩༩ ལོར་རྒྱལ་ས་ལྡི་ལིར་ཁོར་ཡུག་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཤིག་ལ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་། དེ་བཞིན་དམ་པ་ཁོང་གིས་བོད་ཀྱི་ཁོར་ཡུག་དང་། ཆབ་སྲིད་ཀྱི་གནད་དོན་ཐོག་རྩོམ་ཡིག་མང་དག་ཅིག་བྲིས་རྩོམ་གནང་ཡོད།

དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་གཞུང་མང་གཉིས་ལ་གྱོང་གུད་ཆེན་པོ་ཕོག་པ་མ་ཟད། ང་ཚོ་བོད་མི་རྣམས་ལའང་དེ་ལྟར་གྱོང་གུད་ཕོག་ཡོད།

ངས་གོ་སྐབས་འདི་བརྒྱུད་དམ་པ་ཁོང་གིས་བོད་ཀྱི་གནད་དོན་དང་། བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག་པ་བཅས། །

Menu