ཁེ་ན་ཌ་སྲིད་བློན་སྐུ་ཞབས་མཱག་ ཀར་ནི་མཆོག་ལ་ཁེ་ན་ཌའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །ཁེ་ན་ཌའི་སྲིད་བློན་སྐུ་ཞབས་མཱག་ ཀར་ནི་ (Hon. Mark Carney) མཆོག་གིས་སྣེ་ཁྲིད་པའི་ཁེ་ན་ཌའི་གུ་ཡངས་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྲིད་བློན་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཀྱིས་སྣེ་ཁྲིད་པའི་གུ་ཡངས་སྲིད་དོན་ཚོགས་པར་ཁེ་ན་ཌའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། དེ་ལྟར་རྒྱལ་ཁ་ཐོབ་པ་དེས་ཁེ་ན་ཌ་མི་མང་གིས་སྐུ་ཉིད་ཀྱིས་དབུ་ཁྲིད་ཀྱི་འགན་ཁུར་བཞེས་ཕྱོགས་ལ་ཡིད་ཆེས་དང་། གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མཚོན་གྱི་ཡོད་པ་རེད།

ཁེ་ན་ཌ་གཞུང་མང་གཉིས་ནས་བོད་ཀྱི་བདེན་པའི་རྩ་དོན་ཐོག་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌ་རྒྱལ་ཁབ་ནང་ཆིབས་བསྒྱུར་ནམ་བསྐྱངས་སྐབས། ཁེ་ན་ཌའི་གཞུང་མང་གཉིས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་། དེ་བཞིན་ཁེ་ན་ཌའི་རྒྱལ་ཁབ་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་དང་གནང་མུས་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྲིད་བློན་མཆོག་གིས་སྣེ་ཁྲིད་པའི་ཁེ་ན་ཌ་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད།

སྐུ་ཉིད་ཀྱི་ལས་ཡུན་རིང་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།