ཁེ་ན་ཊ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ ཝི་ར་ནི་མཆོག་ཁེ་ན་ཊ་རྒྱལ་ཁབ་ཀྱི་ཁྲིམས་དོན་བློན་ཆེན་དང་། ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། ། ཁེ་ན་ཊ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ ཝི་ར་ནི་ (Arif Virani) མཆོག་ཁེ་ན་ཊ་རྒྱལ་ཁབ་ཀྱི་ཁྲིམས་དོན་བློན་ཆེན་དང་། ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།

དེ་ཡང་འཚམས་འདྲིའི་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཁེ་ན་ཊ་རྒྱལ་ཁབ་ཀྱི་ཁྲིམས་དོན་བློན་ཆེན་དང་། ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཁེ་ན་ཊའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པའི་ཆ་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་རེས་སྐུ་ཉིད་ཁེ་ན་ཊ་རྒྱལ་ཁབ་ཀྱི་ཁྲིམས་དོན་བློན་ཆེན་དང་། ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བ་དེས་སྐུ་ཉིད་ཀྱི་འགོ་ཁྲིད་ཀྱི་ནུས་པར་ངོས་འཛིན་དང་། ཁེ་ན་ཊ་གཞུང་མང་གཉིས་ཀྱིས་ཐོག་ནས་སྐུ་ཉིད་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། སྐུ་ཉིད་ནས་མཆོག་ཁེ་ན་ཊ་རྒྱལ་ཁབ་ཀྱི་ཁྲིམས་དོན་བློན་ཆེན་དང་། ཁྲིམས་དོན་སྤྱི་ཁྱབ་ཀྱི་མཛད་འགན་བཞེས་རིང་། མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་ལས་དོན་ཐམས་ཅད་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

སླར་ཡང་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་བདེན་མཐའ་མ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཡོད་ཅེས་འཁོད་འདུག