ཁམས་སྒར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལོ་ངོ་སུམ་བརྒྱ་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དབུ་འཛུགས་གནང་།

IMG_3421IMG_3415IMG_3395-2

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༨ ཉིན་རྒྱ་གར་ཧི་མ་ཅལ་མངའ་ཁོངས་བཀྲ་ཤིས་ལྗོངས་སུ་ཁམས་སྒར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལོ་ ༣༠༠ འཁོར་བའི་རྗེས་དྲན་མཛད་སྒོར་སྐུ་མགྲོན་དུ་གདན་ཞུས་ལྟར། སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འཁྲིད་པའི་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། ས་སྐྱའི་སྤྱི་འཐུས་ག་ཟི་ཚེ་རིང་པོ་ལགས། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས། བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་ཕེབས་གནང་ཡོད། དེ་སྐབས་དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་མཆོག་དང་། ༸སྐྱབས་རྗེ་བླ་སྤྲུལ་རྣམ་པ་དང་། ཆོས་རིག་དྲུང་ཆེ། སྲི་ཞུ་བ། ས་གནས་ཁག་གི་དགོན་སྡེ་དང་། གཞིས་འགོ། སློབ་གྲྭ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཧི་མ་ཅལ་གྱི་མངའ་སྡེ་གཞུང་དང་ས་གནས་ཁག་གི་དཔོན་རིགས་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཕེབས་ཡོད་པར་ཐོག་མར་༸རྒྱལ་བ་
མདོ་ཁམས་པ་ཆེན་པོ་མཆོག་ནས་ཁམས་སྒར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ནི་དེ་སྔ་རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་དེ་ཉིད་དགུང་ལོ་སོ་གཉིས་ཐོག་འཁོར་འདུས་པ་རྣམས་ཕྱོགས་མེད་དུ་འགྲོ་དོན་སྐྱོང་བར་བཏང་ནས། སློབ་དཔོན་ཆེན་པོ་ཟླ་བརྒྱད་བཞུགས་པའི་གནས་མཆོག་ཟླ་རྒྱལ་གོ་ཆེན་ཕུག་ཏུ་གཉུག་མ་ལྷན་སྐྱེས་རྒྱུན་གྱི་རྣལ་འབྱོར་སྐྱོང་བཞིན་བཞུགས་པའི་སྐབས། ཆུ་འབྲུག་སྤྲེལ་ཟླའི་ཚེས་བཅུའི་ཐོ་རངས་ཁར་དྲི་མེད་མཚོ་སྐྱེས་རྡོ་རྗེར་མཁའ་འགྲོ་གཉིས་དང་། རྣམ་རོལ་སྤྲུལ་པའི་མཚན་བརྒྱད་སོགས། འཁོར་རིག་འཛིན་དཔའ་བོ་མཁའ་འགྲོ། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་ཚོགས་དང་བཅས་པ། ད་ལྟའི་འཆམ་བཀོད་སྟངས་སྟབས་ཇི་ལྟ་བ་ཡེ་ཤེས་ལྔ་ལྡན་གྱི་འཇའ་སྤྲིན་ཟེར་འོད་རྣམ་པར་འཁྲུག་པའི་ཀློང་དུ་གསལ་བར་བྱོན་ནས་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་ཁྱད་པར་ཚེས་བཅུ་འདི་ཉིད་མཐོང་ཐོས་དད་པས་འགྲོ་བ་རྣམ་མང་མཆོག་གི་སར་འགྲོ་བར་ངེས་པ་སོགས་རྡོ་རྗེའི་གསུང་གིས་རྗེས་སུ་གདམས་པར་བརྟེན། སྔ་སོར་འབུམ་ལྔའི་བསྟན་རིམ་ཆེན་མོ་དང་། རྗེས་ཐོག་ཏུ་སྤྲོས་བཅས་ཚེས་བཅུའི་སྒྲུབ་མཆོད་ཆེ་འབྲིང་གི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སྤྲུལ་བའི་བཟོ་བོ་མང་པོས་ངོ་མཚར་བའི་རོལ་རྩེད་ཀྱིས་བསྐྲུན་ནས་མེ་སྤྲེལ་ལོར་དགུང་ལོ་སོ་བདུན་བཞེས་ནས་སྐུ་ཚེ་དེའི་རིང་། མདོ་ཁམས་སྟོད་སྨད་བར་གསུམ་དུ་སྒྲུབ་ཆེན་གསུམ་དང་སྒྲུབ་མཆོད་བདུན་ཅུ་སྐོར་བཙུགས་ནས་མཐའ་ཡི་དམག་དཔུང་བཟློག་ཅིང་། ནད་མུག་མཚོན་འཁྲུག་གི་རྒུད་པ་བཅིལ་བ་དང་། རྒྱལ་བའི་བསྟན་ཞབས་སླར་ཡང་མི་ཉམས་གོང་འཕེལ་དུ་གསོ་བའི་བཀའ་དྲིན་གཞལ་དུ་མེད་པ་མཛད། དམ་པ་དེ་ཉིད་ཀྱི་གདན་ས་གཙོ་བོ་མདོ་ཁམས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་སྤྲུལ་པའི་ཕྲེང་བ་ན་རིམ་གྱིས་བསྐྱངས་ཤིང་། དེ་ནས་བཟུང་རིག་གནས་གསར་བརྗེ་ཆེན་མོའི་དུས་སུ་གངས་ལྗོངས་བསྟན་པ་ཡོངས་རྫོགས་བརླགས་པའི་གནས་སྐབས་ཀྱི་ས་ཕག་ལོའི་བར་ལོ་ལྟར་ཆག་མེད་འཛུགས་བསྐྲུན་གྱིས་ཚེས་བཅུའི་སྒྲུབ་མཆོད་ ༢༡༩ དང་། སྒྲུབ་ཆེན་གྲངས་ ༡༨ ཙམ་བཙུགས་ཤིང་། ཕྱི་ལོ་ ༡༩༥༨ ལོར་རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་འཕགས་ཡུལ་བཙན་བྱོལ་དུ་ཕེབས་དགོས་བྱུང་མཚམས་སུ། ཀ་ལོན་སྦུག་དང་། ཧི་མ་ཅལ་མངའ་ཁོངས་བྷུ་ནི་རི། ཌལ་ཧོར། ཕྱི་ལོ་ ༡༩༦༨ ལོར་བཀྲ་ཤིས་ལྗོངས་སུ་བྱེས་ཀྱི་གདན་ས་ཁམས་པ་
སྒར་ཕྱག་བཏབ་པ་ནས་བཟུང་སྒྲུབ་མཆོད་ཆེ་འབྲིང་ཅི་རིགས་རྒྱུན་མ་ཆད་པ། རིག་འཛིན་བརྒྱུད་པའི་ཕྱག་སྲོལ་མ་འཕྱུགས། བྱིན་རླབས་ཀྱི་ཚན་ཁ་མ་ཉམས། དངོས་གྲུབ་ཀྱི་དྲོད་རྟགས་མ་ཡལ་བ་འཚོགས་ནས། ད་ལན་རབ་གནས་མེ་སྤྲེལ་ལ། ད་ལོ་ཕྱི་ལོ་ ༢༠༡༦ ལོར་བགྲང་བྱ་ཧྲིལ་པོ་སུམ་བརྒྱ་འཁོར་གྱི་ཡོད་པ་དང་། དེ་ཡང་བསྟན་དང་འགྲོ་བའི་དོན་ཁོ་ནར་དུས་ཀྱི་སྤྱི་རིམ་ཡིན་པས་སྙིགས་དུས་འདིར་ནད་མུག་འཁྲུག་རྩོད་དང་འབྱུང་བའི་གནོད་པ་བཟློག་ཆེད་དམིགས་པ་ཡིན་པའི་བཀའ་སློབ་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དུས་དྲན་དང་འབྲེལ་བའི་བཀའ་སློབ་གནང་གྲུབ་རྗེས་ཉིན་གང་མཛད་རིམ་ལྟར་ཚེས་བཅུའི་དུས་དྲན་གར་འཆམ་དངོས་སུ་གཟིགས འབུལ་གནང་ཡོད་པའི་གནས་ཚུལ་དུ།།
གོང་གསལ་གནས་ཚུལ་འགོད་འདོན་ཞུ་རྒྱུར་ཚོགས་དྲུང་ལས་ཁུངས་ནས་རྗེས་ལུས་སོང་བར་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན།

Menu