ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་སྟོན་གྱི་ཚེས་གཅིག་ཉིན་ཁམས་བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་ཞི་བའི་ཡར་ལངས་བྱས་སྐབས། རྒྱ་གཞུང་དྲག་དམག་གིས་མང་ཚོགས་ ཁྲོད་གང་བྱུང་གིས་མེ་མདའ་བརྒྱབ་ནས་རྒྱལ་གཅེས་དཔའ་བོ་ཡོན་ཏན་སོགས་བོད་མི་ཁག་ཅིག་དེ་གར་དམར་གསོད་བཏང་བ་མ་ཟད་མང་པོ་ཞིག་ལ་རྨས་སྐྱོན་འཚབ་ཆེན་བྱས་ཡོད་པ་དང། དེའི་ཉིན་ཤས་རྗེས་གྲོང་ཁྱེར་ཁྲིན་ཏུ་རུ་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ་བཅས་ཞི་རྒོལ་དོན་རྐྱེན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཡང་ཟླ་ ༤ ཚེས་ ༢ ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་ དགའ་)ལགས་བྲག་མགོའི་རྫོང་ཐོག་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས། ད་ལྟའི་བར་ཁོང་ རྣམ་པ་ཟླ་བ་བཅུ་ལྷག་གི་རིང་གར་ཡོད་ཆ་མེད་དུ་ལུས།
ཉེ་བའི་ཆར་ཟླ་ ༡༡ པའི་ཟླ་མགོར་གནས་ཚུལ་ཤེས་གསལ་བྱུང་དུས། སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་༧ དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། རྩིས་པ་དགྲ་ལྷ་ལ་བཅས་ལ་ལོ་ ༦ རེ་དང་། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ནང་མི་འབྲེལ་ཡོད་ཁག་གིས་ཉིན་བཅོ་ལྔའི་རྗེས་མ་གཏོགས་ཤེས་རྟོགས་བྱུང་མི་འདུག དེ་ཡང་གྲོང་ཁྱེར་ཁྲིན་ཏུ་རུ་ཡོད་པ་ཙམ་ལས་ཁྲིམས་ཁང་གང་ཞིག་ཏུ་ཁྲིམས་ཐག་བཅད་ཡོད་མེད་སོགས་ཁ་གསལ་ཤེས་རྟོགས་བྱུང་མེད། གཞན་ཡང་ཤེས་རྟོགས་བྱུང་བ་ལོ་འདིར་བྲག་མགོའི་ཡུལ་ལུང་གཅིག་པུ་ལ་ཡང་རྒྱ་གཞུང་གིས་དྲག་གནོན་འོག་དམར་བསད་བཏང་བ་བོད་མི་ལྔ་དང་། རྒྱ་དམར་གཞུང་གི་སྡུག་རྩུབ་ཀྱི་དྲག་སྤྱོད་ལ་མ་བཟོད་པར་རང་གིས་རང་ལ་གྲིས་བཙུགས་ཏེ་འདས་གྲོངས་སུ་གྱུར་པ་གཅིག་བཅས་ཁྱོད་སྡོམ་ཞི་རྒོལ་དོན་རྐྱེན་འོག་དཔའ་བོ་ལྔའི་རང་སྲོག་གཤར་འདུག
མེ་མདས་རྨས་སྐྱོན་ཕོག་པ་བོད་མི་གྲངས་ ༤༣ དང་། ད་ལྟའི་ཆར་གར་ཡོད་ཆ་མེད་ཡིན་པ་ཡོན་ཏན་བཟང་པོ་དང་། བཀྲ་ཤིས་དར་རྒྱས། རྣམ་རྒྱལ་དོན་འགྲུབ་བཅས་མི་གྲངས་ ༣ དང་། ཚེ་བཙོན་ནས་ལོ་གཅིག་དང་ཟླ་བ་བརྒྱད་བར་གྱི་ཁྲིམས་ཆད་ཕོག་པ་མི་གྲངས་ ༣༦ ལྷག་ཡོད། ཉེ་ཆར་དཀར་མཛེས་རང་སྐྱོངས་ཁུལ་གྱི་མགོ་ཁྲིད་གསར་པས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྲིད་ཇུས་གསར་གཏོད་ཀྱིས་ཉེ་འབྲེལ་གསར་པ་ཞེས་པའི་མིང་སྙན་འོག་བོད་རིགས་མི་ཚང་བཅུ་གསུམ་ནས་ལྔའི་བར་ལས་བྱེད་མི་སྣ་རེར་རྩིས་སྤྲོད་ཀྱིས། ཁ་ནས་མང་ཚོགས་ལ་དཀའ་ངལ་བྱུང་ཚེ་ལྟ་རྟོགས་བྱེད་མཁན་ཡིན་མདོག་བྱས་ཀྱང་། དོན་དངོས་ཐོག་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་མི་འབྱུང་བ་དང་གསང་བ་ཕྱིར་བསྒྲགས་འགོག་ཐབས་ཀྱི་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་མུས་སུ་ཡིན་འདུག གཞན་ཡང་དགོན་པའི་གྲྭ་གཞོན་སུམ་བཅུ་ལྷག་དགོན་པ་ནས་ཕྱིར་འབུད་བྱེད་ཡོད་པ་དང་། དོན་རྐྱེན་འོག་དཀའ་མངལ་ཤུགས་ཆེ་འཕྲད་པའི་བུ་ཕྲུག་ལོ་ཅོར་བརྒྱུད་མར་ཆོད་འགའ་ཞིག་ལ་རྨོས་སྐྱོན་ཕོག་ཡོད་པ་དང་། ཕྲུག་གུ་བཞི་བཅུ་ཡས་མས་ཞིག་ལ་སློབ་གྲྭ་དང་དགོན་པ་སོགས་ལ་འགྲོ་འདུག་རང་དབང་མེད་པར་ལུས་འདུག