ཁམས་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

དེ་ཡང་༢༠༡༢ ལོའི་ཟླ་༡ ཚེས་༢༣ ཉིན་བྲག་མགོ་མི་མང་གིས་རྒྱ་ནག་གཞུང་ལ་ཡར་ལངས་ཞི་རྒོལ་བྱས་པ་ནས་བཟུང་། ད་ལྟའི་བར་རྒྱ་གཞུང་གིས་དམ་དྲག་ཧ་ཅང་ཆེན་པོར་བྱེད་བཞིན་པ་དང་། དགོན་སྡེ་ཁག་གི་གྲྭ་པ་བཞི་རེ་ལ་ལས་བྱེད་མི་སྣ་གཅིག་རེ་བལྟ་སྲུང་བྱེད་མཁན་བཞག་སྟེ་གྲྭ་པ་རྣམས་ཡར་མར་འགྲོ་དགོས་ཚེ། འགྲོ་སའི་གནས་དང་ལས་དོན་ཅི་ཡིན་སོགས་གནས་ཚུལ་ཁ་གསལ་འགྲེལ་བརྗོད་བྱས་ནས་ཆོག་མཆན་ཞུ་དགོས་ཀྱིན་ཡོད་འདུག ཕྱི་ལོ་ ༢༠༡༡༢ ཟླ་༤  ཚེས་༢ ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་བྲག་མགོ་རྫོང་གི་ཉེན་རྟོག་པར་ཐེ་གཏོགས་གང་ཡང་མེད་པར། གོང་རིམ་ཞིང་ཆེན་དང་ཁུལ་ནས་ཆེད་མངགས་དམག་མི་དང་ཉེན་རྟོག་པ་ཡོང་སྟེ། ད་ལོར་བྲག་མགོར་བྱུང་བའི་ཞི་རྒོལ་དོན་རྐྱེན་རྣམས་གོ་སྒྲིག་བྱེད་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག དགོན་པའིི་ནང་ནས་འཛིན་བཟུང་བྱས་ཏེ་ད་ལྟ་གར་ཡོད་ཆ་མེད་དུ་གྱུར་འདུག། ཉིན་དེར་བྲག་མགོ་རུ་སྔར་ཡོད་ལས་དམག་མི་ཁ་སྣོན་གྱིས་དམ་དྲག་ཆེ་རུ་བཏང་བ་དང་། སྲང་ལམ་གཡས་གཡོན་ཚང་མར་དམག་གིས་ཁེངས་ཡོད་འདུག ཞི་རྒོལ་བྱས་པ་ནས་བཟུང་རོང་འབྲོག་དབྱེར་མེད་ཀྱིས་ས་གནས་ཀྱི་ཡུལ་ཚོ་སོ་སོར་སློབ་གསོ་རུ་ཁག་ཅེས་པ་བཙུགས་ནས། ཡུལ་ཚོའི་རེའི་མི་མང་བརྒྱ་ཕྲག་མང་པོ་དོན་མེད་འཇུ་བཟུང་གིས་གང་བྱུང་ཉེས་རྡུང་གཏོང་བ་དང་། དོན་མེད་ལས་བཀོལ་བ་སོགས་བྱས་ཏེ་བཀག་ཉར་བྱས་དང་བྱེད་མུས་ཡིན་འདུག བྲག་མགོ་ཁུལ་གྱི་མི་འགའ་རེར་ཉེས་རྡུང་བཏང་སྟེ་ཉིན་ཤས་ཀྱི་རྗེས་ལ་གློད་གྲོལ་བཏང་ཡོད་ནའང་། ཉེས་ཆད་རྒྱ་སྒོར་གཅིག་སྟོང་ལྔ་བརྒྱ་ནས་སུམ་སྟོང་བར་གཅོད་བཞིན་ཡོད་འདུག་པ་དང་། ཡུལ་མི་རྣམས་རྫོང་དང་ཤང་ཐོག་ཏུ་རང་གར་སོང་ན་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་དང་། རྡུང་རྡེག་གཏོང་གི་ཡོད་སྟབས་བོད་མི་ཚོས་དུས་རྒྱུན་སྤྱོད་བཞིན་པའི་ཇ་ཚྭ་ཡང་ཉོ་སར་འགྲོ་མི་ཕོད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)ལགས་ནི་ཕྱི་ལོ་༡༩༦༥ལོར་བྲག་མགོ་ནོར་བ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་འཁྲུངས་ཤིང་། བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ། ཕྱི་ལོ་༡༩༨༦ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། ༢༠༠༩ ལོ་ཕྱིར་རང་ཡུལ་ལ་ཕེབས་ཏེ་བྲག་མགོ་དགོན་པའི་ཕྱི་ནང་གི་ལས་དོན་རྒྱ་ཆེར་གནང་ཞིང་ད་ལྟ་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་ཀྱི་ཡོད། ཕྱི་ཟླ་ ༤ པའི་ཚེས་ ༢ ཉིན་བྲག་མགོ་རྫོང་གི་ཉེན་རྟོག་པར་ཐེ་གཏོགས་གང་ཡང་མེད་པར་གོང་རིམ་ཞིང་ཆེན་དང་ཁུལ་ནས་དམག་མི་དང་ཉེན་རྟོག་པ་ཆེད་མངག་བྱས་ཏེ། ད་ལོར་བྲག་མགོར་བྱུང་བའི་ཞི་རྒོལ་བ་རྣམས་ལ་གོ་སྒྲིག་བྱེད་མཁན་གཙོ་བོར་ཡིན་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཏེ་ད་ལྟའི་ཆར་ས་གནས་གང་དུ་ཁྲིད་མིན་དང་བཙོན་ཁང་གང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་མི་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ ཉིན།