ཁམས་གོ་འཇོ་རྫོང་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད།

ཅོན་ཏ་ར་མགོན་པོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དུ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༢ ཉིན་ཆབ་མདོ་ནས་རྒྱ་གཞུང་གི་དཔོན་པོ་ཞིག གོ་འཇོ་རྫོང་དུ་ལྟ་སྐོར་ལ་ཡོང་བ་དང་བསྟུན་ནས། གོ་འཇོ་རྫོང་། འབོ་ལོ་ཤང་། ཏི་མཁར་གྲོང་བློ་སྣ་ཚང་གི་ངག་དབང་ལགས་ཀྱིས། གོ་འཇོ་རྫོང་ཐོག་གི་གཞུང་ལམ་དཀྱིལ་དུ། ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་རླུང་རྟ་གཏོར་བཞིན་དུ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱ་གཞུང་གིས་བོད་མི་ཚོར་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་དགོས། བོད་མི་ནང་ཁུལ་དུ་ས་རྩོད་ཆུ་རྩོད་གསོད་རེས་བྱས་པ་སོགས་ཡག་པོ་མི་འདུག ཁྱེད་ཚོ་འཇོན་པོ་ཡོད་ན། དེ་རིང་ང་དང་མཉམ་དུ་རྒྱ་གཞུང་ལ་སྐད་འབོད་རྒྱག་པར་ཤོག་ཟེར་ནས། དོན་ཚན་གསུམ་འབོད་ཚིག་བསྒྲགས་ནས་ངོ་རྒོལ་སྐད་འབོད་གནང་ཡོད་འདུག་པ་དང་། སྐབས་དེར་རྒྱ་མིའི་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་ཅིང་། མི་ལ་ལས་ཁོང་གི་གནད་དོན་དེ་གོ་འཇོ་རྫོང་གིས་ཐག་གཅོད་བྱེད་ཐུབ་ཀྱི་མེད་པ་དང་། ཆབ་མདོ་དང་ལྷ་ས་གང་རུང་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་སྐོར་ཡང་ཤོད་མཁན་ཡོད་འདུག ད་ལྟའི་སྐབས་ཁོང་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མི་འདུག རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཆོལ་གསུམ་བོད་མི་རྣམ་པ། བྱེ་བྲག་ཏུ་གཞིས་བྱེས་གཉིས་སུ་ཡོད་པའི་གོ་འཇོ་བ་ཚོས། ཁོང་མགྱོགས་ནས་མྱུར་དུ་གློད་གྲོལ་ཡོང་བ་དང་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན།

Menu