ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕྱི་ཚེས་ ༢༤ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་གི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་འདུག

ཟབ་སྦྱོང་ནང་ཀོ་ལེ་གྷལ་དོན་ལྡན་གླིང་དང་། ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པ་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་དྲུང་ཡིག ཀོ་ལེ་གྷལ་དོན་ལྡན་གླིང་དང་། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་བཅས་ཀྱི་ས་འཐུས་རྣམ་པ། སྦེལ་ཀོབ་ལུགས་བསམ་དང་། བདེ་སྐྱིད་སླར་གསོ་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་རང་དབང་བདེན་པའི་ཚོགས་གཙོ་རྣམ་པ་བཅས་ཚོགས་བཅར་བ་ཁྱོན་ ༦༠ མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཚོགས་དྲུང་ལས་ཁུངས་སོ་སོར་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་སྔོན་གཞིས་ཆགས་ཁག་གཞན་གྱི་ནང་གོ་སྒྲིག་ཞུས་པའི་ས་འཐུས་ཟབ་སྦྱོང་སྐོར་དང་། ས་འཐུས་ཟབ་སྦྱོང་གི་གལ་གནད། བོད་མིའི་གཞིས་ཆགས་དང་བོད་མི་གནས་སྡོད་ཁག་ལ་སྤྱི་འཐུས་རྣམ་པའི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ངོ་སྤྲོད། བོད་དོན་རྒྱབ་སྐྱོར་ཐོབ་སླད་སྤྱི་འཐུས་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆེད་ཕེབས་གནང་སྟེ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་བཅས་ཀྱི་ཐོག་གསུངས་གནང་འདུག་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ཁག་ངོ་སྤྲོད་གནང་ཡོད་འདུག

དེ་རྗེས་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཐབས་དང་། བོད་དོན་བདེན་མཐའ་གསལ་ཐབས་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ཁྱད་ཆོས། ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་བཅས་ཀྱི་ཐོག་གསུང་བཤད་གནང་འདུག་པ་དང་། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་ཡོང་སླད་ཟབ་སྦྱོང་འདིའི་དགེ་མཚན་སྐོར་གསུངས་གནང་འདུག་པ་མ་ཟད། བོད་མི་མི་རེ་ངོ་རེས་བོད་ཀྱི་འཐབ་རྩོད་ཐོག་འགན་ཁུར་བླངས་དགོས་པ་དང་། བོད་ནང་ཡོད་པའི་བོད་མིའི་མངོན་འདོད་སྒྲུབ་དགོས་པའི་འབོད་སྐུལ་ཞུས་གནང་འདུག མཐར་ཀོ་ལེ་གྷལ་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་ཚེ་དབང་བསོད་ནམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་ཡོད་འདུག

ཟབ་སྦྱོང་གི་ཉིན་དང་པོར། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་། སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་བཅས་ཀྱི་ཐོག་ཟབ་འཁྲིད་གནང་ཡོད་འདུག་པ་མ་ཟད། ཚོགས་བཅར་བས་དྲི་བ་ཕུལ་བ་ཁག་ལ་ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ནས་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཟབ་སྦྱོང་གི་ཉིན་གཉིས་པར། སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་དང་། དེ་ནས་ལོ་འཁོར་རྒྱུན་གྲོན་སྔོན་རྩིས་དང་། དམིགས་བསལ་རྒྱུན་གྲོན་སྔོན་རྩིས། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་སྐོར་སོགས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་འཁྲིད་གནང་ཡོད་འདུག

ཟབ་སྦྱོང་གི་ཉིན་གསུམ་པར། ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་ཆེད་ཟབ་སྦྱོང་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་དང་། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཁྲིམས་འཆར། ས་གནས་འགོ་འཛིན་གྱི་ལོ་འཁོར་ལས་བསྡོམས་དང་། སྔོན་རྩིས་གསུང་བཤད་སོགས་ཀྱི་གྲ་སྒྲིག་གནང་རྒྱུ་རྣམས་གནང་ཡོད་འདུག་པ་བཅས། །