ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་ཡོད་འདུག

དེ་ཡང་ཟབ་སྦྱོང་གི་ཉིན་དང་པོ་གཉིས་རིང་ཀོ་ལེ་གྷལ་དང་། ཧུན་སུར། སྦེལ་ཀོབ་ལུགས་བསམ། སྦེལ་ཀོབ་བདེ་སྐྱིད་སླར་གསོ་བཅས་ནས་ཕེབས་པའི་ཚོགས་བཅར་བ་ ༦༠ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ཟབ་འཁྲིད་དང་། ཉིན་གསུམ་པར་ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་ཆེད་ཟབ་སྦྱོང་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་དང་། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཁྲིམས་འཆར། ས་གནས་འགོ་འཛིན་གྱི་ལོ་འཁོར་ལས་བསྡོམས་དང་། སྔོན་རྩིས་གསུང་བཤད་སོགས་ཀྱི་གྲ་སྒྲིག་གནང་རྒྱུ་རྣམས་གནང་ཡོད་འདུག

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པའི་དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པ་ལྟར། ཐོག་མར་ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྗེས། རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་སོགས་གནང་སྟེ་དམར་ཁྲིད་གྲོས་ཚོགས་འཚོགས་གནང་འདུག་པ་དང་། སྐབས་དེར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དང་། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་གཉིས་ཀྱི་ས་འཐུས་ཚོགས་གཙོ་དང་། ཚོགས་གཞོན། ས་འཐུས་རྣམ་པས་བང་རིམ་བཞིན་ཚོགས་འདུ་གཙོ་སྐྱོང་གནང་ཡོད་འདུག

དེ་བཞིན་དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམ་པས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནོར་འཁྲུལ་ཤོར་ཚེ་ཟབ་འཁྲིད་གནང་མཁན་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་སྐབས་ཐོག་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་འདུག

ཚོགས་འདུའི་ཐོག་ཚོགས་བཅར་བ་རྣམ་པས་སྐར་རྟགས་ཅན་གྱི་དྲི་བ་བཞི་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་བཞི། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གཅིག གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གཅིག བཅའ་ཁྲིམས་བསྐྱར་བཅོས་གཅིག ཕྱི་ལོ་ ༢༠༡༩་་་༢༠ ལོའི་གཏོང་ལེན་ཁྲིམས་འཆར་གཅིག ལོ་འཁོར་ལས་བསྡོམས་གཅིག གཞན་གཞུང་འབྲེལ་གྲོས་འཆར་ཁག་བཅས་འདོན་རྒྱུའི་གོ་སྐབས་བྱུང་ཡོད་འདུག

མཐའ་དོན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་དང་། འབྱུང་འགྱུར་ཡང་ཟབ་སྦྱོང་འདི་འདྲ་བ་གོ་སྒྲིག་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུས་གནང་འདུག་པ་བཅས། །

 

 

 

Menu