ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། ༸པཎ་ཆེན་སྐུ་གོང་མའི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དུས་སྟོན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན་དུ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་བཀའ་དྲིན་རྗེས་དྲན་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་དགའ་སྟོན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ལ་ཆེད་དུ་གདན་ཞུ་གནང་བའི་སྐུ་མགྲོན་གཙོ་བོ་བཞུགས་སྒར་རྡ་སའི་མེག་གྷན་དུ་བཅའ་བཞུགས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ (Ajay Singh Mankotia) མཆོག་དང་། དམིགས་བསལ་སྐུ་མགྲོན་སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞན་ཡང་སྐུ་མགྲོན་དུ་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་དང་། མཛད་སྒོར་ཆེད་ཕེབས་གནང་མཁན་རྒྱ་ཆེ་མང་ཚོགས་བཅས་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་གུས་བརྩི་ཆེན་པོའི་ངང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཉིན་ཤས་སྔོན་ལ་འཛིན་སྐྱོང་བཀའ་ཤག་ནས་ཉིན་མོ་འདི་སྲུང་བརྩི་ཞུ་ཡི་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་གསུང་བཤད་གནང་རོགས་ཞེས་བརྡ་ལན་བྱུང་བ་རེད་དེ། ཡིག་ཐོག་ནས་སྒྲོགས་སྦྱང་བྱ་རྒྱུའི་གྲ་སྒྲིག་བྱུང་མ་སོང་། དེ་འདྲ་ཡིན་ཙང་གྲ་སྒྲིག་གང་ཞུས་པ་དེ། སྒྲིག་འཛུགས་ཀྱི་ཡིག་ཆ་ཁག་གཞི་ལ་བཞག་པའི་ཐོག་ནས་མཁོ་སྒྲུབ་བྱས་པ་དེ་རྒྱ་ཆེའི་མང་ཚོགས་མདུན་ལ་༸པཎ་ཆེན་སྐུ་གོང་མའི་བཀའ་དྲིན་རྗེས་དྲན་དང་། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་སྙན་སྒྲོན་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༣༨ ཟླ་ ༢ ཚེས་ ༣ ཉིན་མདོ་སྨད་སྐུ་འབུམ་ཁུལ་ལ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་བལྟམས་ནས་རིམ་པས་ཡང་སྲིད་ངོས་འཛིན་གནང་རྒྱུའི་རིམ་པ་སྒྲིག་པ་ནས་བཟུང་མཐར་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་མ་གནང་བར་དུ་མཛད་དཀའ་ཆེན་པོ་བྱུང་བ་དང་། སྐུ་ངལ་ཕྲད་པ་རང་བཞིན་གྱི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐབས་སུ་གོ་མིང་ཏང་སྲིད་གཞུང་གིས་ལག་ངན་དང་བྱུས་ངན་གྱིས་མཛད་དཀའ་ཕྲད་ཡོད་པ་རེད། ཡིན་ནའང་གདན་ས་བཀྲ་ཤིས་ལྷུན་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་གནང་མཛད་དེ། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གྲངས་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འཁུར་ཆེ་བཞེས་ཀྱི་ཐོག་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་མདོ་སྨད་ཁུལ་གྱི་མཚན་ལྟས་བཟང་པོའི་འོས་སྤྲུལ་གཉིས་དང་། དཔའ་ཤོད་ཁུལ་གྱི་མཚན་ལྟས་བཟང་པོའི་འོས་སྤྲུལ་གཅིག་བཅས་གསུམ་གྱི་ནང་ནས་ཟན་རྟགས་ཀྱི་ཐོག་ནས་ངོས་འཛིན་གནང་རྒྱུའི་ཐུགས་གཏན་འཁེལ་བ་དང་ཆབས་ཅིག་མདོ་སྨད་ཁུལ་ལ་སྐུ་ཚབ་འཐོན་རྒྱུའི་གྲ་སྒྲིག་གནང་དུས། སྐབས་དེའི་གོ་མིང་ཏང་དང་མའོ་སྲིད་གཞུང་བར་གྱི་དཀའ་རྙོག་དུས་ལ་བབས་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་དུས་ངང་འཐེན་གནང་དགོས་རྒྱུའི་གནས་བབ་བྱུང་ཡོད་པ་རེད། ཡིན་ནའང་ཕྱི་ལོ་ ༡༩༥༡ ལོར་མའོ་ཙེ་ཏུང་གིས་བྱུས་ངན་བཤམས་ཏེ་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་ལ་གདན་དྲེན་ཞུས། ལོ་དེར་༸རྒྱལ་དབང་ཐམས་ཅད་མཁྱེན་པས་ཟན་རྟགས་མི་དགོས་པའི་ཐོག་ནས་ཐུགས་དམ་ཀྱི་དགོངས་དོན་གཞིར་བཟུང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་གཏན་འཁེལ་བ་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་བོད་ལ་ཞབས་སོར་འཁོད་གནང་མཛད་རྗེས། ཕྱི་ལོ་ ༡༩༥༢ ལོར་༸རྒྱལ་བ་ཡབ་སྲས་རྣམ་གཉིས་གསེར་མཇལ་ལྷན་འཛོམས་བསྐལ་བཟང་གི་གོ་སྐབས་བྱུང་བ་དང་། དེ་བཞིན་ཞབས་བརྟན་གསོལ་འདེབས་བཀའ་རྩོམ་དང་སྦྲགས་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་ཅེས་མཚན་གསོལ་གནང་མཛད། ལོ་དེར་༸པཎ་ཆེན་རིན་པོ་ཆེ་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་དེ་གསེར་ཁྲིར་མངའ་གསོལ་མཛད།

དེ་བཞིན་ཕྱི་ལོ་ ༡༩༥༤ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་འདུ་འཛོམས་ལ་གསུང་ཆོས་ཀྱང་སྩལ་གནས་མཛད་མོད། འོན་ཀྱང་སྐབས་དེ་དུས་བོད་རྒྱའི་དཀའ་རྙོག་ཞི་མཐུན་ལྷིང་འཇགས་ཡོང་སླད་༸རྒྱལ་དབང་ཐམས་ཅད་མཁྱེན་པ་པེ་ཅིང་ལ་ཞབས་སོར་འཁོད་གཏན་འཁེལ་ཡོད་པ་ཡིན་ཙང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཀྱང་ལྷན་བཅར་ཞུས། གང་ལྟར་༸སྐུའི་ཡང་སྲིད་ངོས་འཛིན་གནང་བ་ནས་བཟུང་སྟེ་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱིས་མཉམ་མཐུན་ཐོག་ནས་ཐུགས་འགན་བཞེས་གནང་མཛད་ཡོད། ལྷག་པར་དུ་ཕྱི་ལོ་ ༡༩༥༦ ལོར་བོད་ལ་ཞབས་སོར་འཁོད་གནང་མཛད་ནས་སློབ་གྲྭ་གསར་འཛུགས་གནང་། སློབ་མ་ ༣༠༠ ལྷག་ཙམ་ལ་བོད་ཡིག་དང་། རྒྱ་ཡིག ཧིན་དི་སློབ་ཁྲིད་གནང་བ་དེ་འདྲའི་ཐུགས་འགན་བཞེས་གནང་མཛད་ཡོད།

སྐུ་འཁྲུངས་པ་ནས་ཕྱི་ལོ་ ༡༩༥༩ བར་བོད་ཁྱོན་ཡོངས་ཀྱི་ཆེད་དུ་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་ཐུགས་དགོངས་པ་གཅིག་གི་ཐོག་ནས་ཐུགས་འགན་མཛད་འགན་བསྐྱངས་གནང་མཛད་ཡོད་པ་རེད། ཡིན་ནའང་ཕྱི་ལོ་ ༡༩༥༩ ལོའི་དོན་རྐྱེན་དེའི་ཐོག་ནས་རྒྱ་ནག་དམར་པོས་བྱུས་ངན་གྱིས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་ལ་བསྐོས་གནང་མཛད་པ་རེད་དེ། ཕྱི་ལོ་ ༡༩༥༩ ནས་ ༡༩༦༨ བར་གྱི་དུས་ཡུན་དེའི་ནང་༸པཎ་ཆེན་སྐུ་ཐོག་གོང་མས་བོད་བསྟན་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད་པ་དང་། ལྷག་པར་དུ་དྲུག་ཅུའི་ནང་ལ་བོད་ས་ཡོངས་རྫོགས་ལ་གཟིགས་སྐོར་རྟོགས་ཞིབ་ལ་ཕེབས་ནས་གཞིས་ལུས་མི་མང་གཏོར་བཅོམ་དང་འཕྲོག་བཅོམ་གྱིས་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པའི་གནས་སྟངས་ངོ་མ་དེ་གཟིགས་ནས། ཕྱི་ལོ་ ༡༩༦༠ ཟླ་ ༩ པར་པེ་ཅིང་ལ་ཞབས་སོར་འཁོད་ནས་སྲིད་བློན་ཀྲོའུ་ཨིན་ལེ་དང་འཐབ་ཕྱོགས་གཅིག་གྱུར་གྱི་གཙོ་འཛིན་ལི་ཝེ་ཧན་ལ་མཇལ་འཕྲད་ཞུས་ནས་བོད་ཀྱི་ཡ་ང་བའི་གནས་ཚུལ་ཡོངས་རྫོགས་སྙན་གསན་ཞུས། དེས་ཐུགས་ཕན་མ་གསོས་ནས་སླར་ཡང་ཕྱི་ལོ་ ༡༩༦༡ ཟླ་ ༡ པོར་པེ་ཅིང་ལ་རྒྱ་ནག་དམར་པོའི་གཙོ་འཛིན་མའོ་ཙེ་ཏུང་དང་ཀྲོའུ་ཨིན་ལེ་སོགས་ལྷན་འཛོམས་ཀྱི་ཐོག་ནས་བོད་ལྗོངས་ནང་གཡོན་ལྷུང་ཡོ་བསྲང་གནང་དགོས་ཀྱི་འདུག་ཅེས་དོན་ཚན་ ༦ ཅན་ཞིག་རྒྱ་ནག་དམར་པོའི་འགོ་དཔོན་ཚོ་ལ་སྙན་གསན་ཞུས་ནས་མཐའ་མ་གནད་དོན་དེ་དག་དོན་དང་འཚམ་པ་ཞིག་ཡོང་གི་མེད་པར་སོང་། ཕྱི་ལོ་ ༡༩༦༡ གི་ལོ་མཇུག་ལ་ཡིག་འབྲུ་ཁྲི་བདུན་ཞེས་པའི་སྙན་ཞུ་ཡིག་ཐོག་ལ་བཀོད་གནང་མཛད་ནས། བོད་འཇིག་ཆགས་ཀྱི་གནས་སྟངས་ཚང་མ་དོན་ཚན་བརྒྱད་ཀྱི་ནང་བཀོད་གནང་མཛད། ཕྱི་ལོ་ ༡༩༦༢ ལོར་ཐོག་མར་སྲིད་བློན་ཀྲོའུ་ཨིན་ལེ་དང། འབྲེལ་ཡོད་འགན་ཁུར་བ་རྣམས་ཀྱིས་ཡི་གེ་དེར་ཞིབ་འཇུག་གིས་ལེགས་བཅོས་གནང་གཏན་འཁེལ་ཡང་། མཐའ་མའི་བསྡོམས་དེ་མའོ་ཙེ་ཏུང་གི་ལག་པར་སླེབས་མ་ཐག་༸པཎ་ཆེན་རིན་པོ་ཆེར་མི་མང་ལ་ངོ་རྒོལ། ཏང་ལ་ངོ་རྒོལ། མི་རིགས་ལ་ངོ་རྒོལ་བཅས་ཀྱི་སྐྱོན་བརྗོད་ཞུས་པ་དང་། ༸པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ཡོངས་རྗོགས་ནོར་འཁྲུལ་ཡིན་པ། ལྷག་པར་དུ་ཀྲང་ཅིན་ཝུ་ལ་ཁྱོད་རང་གི་འོག་ནས་༸པཎ་ཆེན་རིན་པོ་ཆེ་དེ་ལྟ་བུའི་གནས་བབ་སླེབས་ཐུབ་པ་དེ་གང་མིན་ཚད་རེད་ཅེས་ཚོགས་གཏམ་བཏང་བའི་རྗེས། ཕྱི་ལོ་ ༡༩༦༤ ལོ་འགོ་ནས་གཟིམ་ཤག་ཏུ་འཛུལ་ནས་བཞུགས་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༦༤ ལོར་སྲིད་བློན་ཀྲོའུ་ཨིན་ལེ་ཡིས་བྱུས་འགོད་ཀྱི་ཐོག་ནས་པེ་ཅིང་ལ་ཕེབས་པ་དང་། ཕྱི་ལོ་ ༡༩༦༦ གྱི་མཚན་མོར་གཟིམ་ཆུང་ནང་ནས་རྒྱ་ནག་དམར་པོའི་དམག་དཔུང་གིས་བཙན་ཁྲིད་བྱས། གང་ལྟར་ཕྱི་ལོ་ ༡༩༦༦ བར་མུ་མཐུད་ནས་སོ་སོའི་སྐུ་སྲོག་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་འབེན་ལ་བཙུགས་ནས་རྒྱ་ནག་སྲིད་གཞུང་ལ་གདོང་ལེན་གནང་ཡོད་པ་རེད། ཡིག་འབྲུ་ཁྲི་བདུན་མ་གཞི་བཅོལ་བའི་ཐོག་ནས་ཚོགས་འདུ་སྣ་ཚོགས་ནང་ལ་བོད་མི་རིགས་སྐྱོབ་རྒྱུ་དང་། བོད་ཀྱི་རིག་གཞུང་སྐྱོབ་རྒྱུའི་བཀའ་མོལ་གང་གནང་བ་དེ་དག་སྐྱོན་གྱི་ངོ་བོར་འཛིན། ཕྱི་ལོ་ ༡༩༦༨ ནས་ ༡༩༧༧ བར་ལོ་དགུ་དང་ཟླ་བ་བརྒྱད་ལྷག་བཙོན་ཁང་ནང་ལ་བཞུགས་དགོས་བྱུང་།

ཕྱི་ལོ་ ༡༩༧༨ ཀྱི་ལོ་མཇུག་ལ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནས་༸པཎ་ཆེན་རིན་པོ་ཆེ་ལ་བཅའ་འདྲི་ཞུས་པ་དེས་མི་མང་ལ་༸པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་པ་དེ་དེ་ནས་ཤེས་རྟོགས་བྱུང་། ཕྱི་ལོ་ ༡༩༧༩ ནས་ ༡༩༨༩ བར་༸པཎ་ཆེན་རིན་པོ་ཆེར་སླར་ཡང་ཆབ་སྲིད་གྲོས་ཚོགས་ཀྱི་གོ་གནས་ཕུལ་བ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་དུ་བསྐོ་གཞག་གནང་། གང་ལྟར་རིམ་པ་དེ་དག་མྱངས་ཀྱང་མུ་མཐུད་བོད་བསྟན་སྲིད་ཀྱི་ཆེད་དུ་ཐུགས་འགན་མཛད་འགན་བཞེས་གནང་བ་མ་ཟད། ཕྱི་ལོ་ ༡༩༨༦ ལོར་སྨོན་ལམ་ཆེན་མོའི་སྐབས་སུ་ཚོགས་མགོན་དུ་ཞབས་སོར་འཁོད་ནས་བཀའ་སློབ་སྩལ་དོན་དུ། ༸རྒྱལ་བ་རིན་པོ་ཆེ་དང་༸པཎ་ཆེན་རིན་པོ་ཆེ་གཉིས་ཆོས་གྲོགས་ཡིན་པ་དང་། ༸རྒྱལ་བ་རིན་པོ་ཆེས་རྒྱ་གར་ལ་དུས་འཁོར་དབང་ཆེན་སྩལ་གནང་མཛད་པ། ༸རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་བོད་ལ་གདན་ཞུ་དགོས་པའི་རྒྱ་ནག་དམར་པོའི་སྲིད་གཞུང་ལ་བརྡ་ལན་གནང་ཡོད།

རྒྱ་ནག་གཞུང་གིས་འཐབ་འཛིང་ཧ་ཅང་བཏང་བ་རེད་དེ། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༧༩ ནས་ ༡༩༨༩ བར་བོད་བསྟན་སྲིད་ཀྱི་ཐོག་ཐུགས་འགན་བཞེས་གནང་མཛད་ནས། ཕྱི་ལོ་ ༡༩༨༦ སྐབས་སུ་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་དགོས་པ། མི་རིགས་སྲུང་སྐྱོབ་དགོས་པ། ལྷག་པར་དུ་ཕྱི་ལོ་ ༡༩༨༧ ལོར་བོད་རང་སྐྱོང་ལྗོངས་དང་འབྲེལ་བ་ཡོད་པ་པེ་ཅིང་ལ་ཚོགས་ཆེན་འཚོགས་སྐབས་སུ་ཡིག་འབྲུ་ཁྲི་བདུན་མ་གཞིར་བཟུང་བོད་རྒྱ་མིས་བཙན་འཛུལ་བྱས་ནས་གྱོང་གུན་ཆེན་པོ་བྱུང་ཡོད་པ། བོད་གཏོར་བཅོམ་བྱས་ཡོད་པ། བོད་ལ་ཕམ་ཉེས་བྱུང་ཡོད་པ་དེ་དག་སླར་ཡང་རྒྱ་ནག་དམར་པོའི་གཞུང་གིས་དགོངས་པ་བཞེས་དགོས་པའི་བཀའ་སློབ་གསུང་གི་བདུད་རྩི་ཕེབས་གནང་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་ ༡༩༨༧ ལོར་བོད་ལ་ཞི་རྒོལ་ཆེན་པོ་བྱུང་བའི་སྐབས་བཙོན་བཟུང་བྱུང་བ་རྣམས་ཀྱིས་༸པཎ་ཆེན་རིན་པོ་ཆེར་གསོལ་འདེབས་ཞུས་པ་དེ་པཎ་ཆེན་རིན་པོ་ཆེས་རྒྱ་ནག་གཞུང་ལ་སྙན་གསན་ཞུས་ནས་གློད་བཀྲོལ་བྱུང་བ། དེ་བཞིན་ཕྱི་ལོ་ ༡༩༨༠ ནང་ལ་རྒྱ་གར་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་བོད་ལ་ཞབས་སོར་འཁོད་པའི་སྐབས་སུ་སྐུ་ཚབ་རྣམ་པ་དང་མཇལ་འཕྲད་གནང་བ་དང་། བཀའ་སློབ་ལམ་སྟོན་གནང་བ། ལྷག་པར་དུ་དེའི་སྐབས་སུ་བོད་ནང་ལ་སློབ་གྲྭ་ཆེ་ཁག་དང་། ནང་དོན་སློབ་གྲྭ་ཆེ་ཁག། བོད་ཁྱོན་ཡོངས་ཀྱི་ནང་ལ་ང་ཚོའི་རིག་གཞུང་དང་། རིག་གནས་རླབས་ཆེན་དེ་དག་གཅེས་སྲུང་དང་། བོད་ཀྱི་སྲོག་ལྟ་བུ་སྐད་ཡིག་དང་རིག་གནས་དེ་དག་ཐོག་ལ། ད་ལྟ་ཡིག་ཆ་ཁག་ནང་མཇལ་རྒྱུ་ཡོད་པ་མདོ་དབུས་ཁམས་གསུམ་དུ་སློབ་གྲྭ་ཁག་བཅུ་གཉིས་ཙམ་ཞིག་གསར་འཛུགས་གནང་། ཕྱི་ལོ་ ༡༩༨༨ ལོར་༸པཎ་ཆེན་རིན་པོ་ཆེས་བོད་གནས་ཉམས་ཞིབ་ཁང་ (Tibetologist) ཞེས་པ་དེའི་ཚོགས་མགོན་ནང་བོད་དང་འབྲེལ་བའི་ཉམས་ཞིབ་བསྟི་གནས་ཁང་གི་མཚན་འདི་ (Tibetologist) ཞེས་བཞག་ན་འབྲུག་དང་། འབྲས་ལྗོངས། རྒྱ་གར་གཙོས་པའིབོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་རྫོགས་ཀྱིས་ཉམས་སུ་སྤྱོད་ཐུབ་རྒྱུ་ཡོད་པ་དང་། བོད་མིའི་རིགས་ཁྱོན་ཡོངས་ལ་སྙོབ་པའི་རིག་གཞུང་བསྟི་གནས་ཁང་གི་མཚན་བཞག་དགོས་པ། དེ་བཞིན་དུ་རིག་གཞུང་བསྟི་གནས་ཁང་དེས་བོད་ཀྱི་སྐད་ཡིག་དང་། ཆོས་དེ་དག་སྲོག་རྩར་འཛིན་པའི་ཐོག་ནས་ཉམས་ཞིབ་གནང་དགོས་པ། བོད་མི་ཁྱོན་ཡོངས་ལ་སྙོབ་དགོས་པ་བཅས་ཀྱི་བཀའ་སློབ་སྩལ་གནང་མཛད། བཙོན་གྲོལ་བྱུང་སྟེ་གོ་གནས་བཞེས་པའི་རྗེས་ལ་མཛད་འགན་དེ་དག་བསྐྱངས་གནང་མཛད་ཡོད་པ་རེད།

མཐའ་མ་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ལ་ཁོང་གིས་སྤྲུལ་སྐུའི་ཡང་སྲིད་གནང་ཕྱོགས་དེ་རྒྱ་ནག་གཞུང་གི་ང་ལ་འགན་གནང་བྱུང་ཞེས་པ་དང་། དེ་གཞི་ལ་བཅོལ་བའི་ཐོག་ནས་༸པཎ་ཆེན་རིན་པོ་སྐུ་འཕྲེང་བཅུ་པས་བོད་ཁྱོན་ཡོངས་ཕྱི་ལོ་ ༡༩༥༡ ནས་བཟུང་བོད་རྒྱ་མིས་བཙན་འཛུལ་བྱས་པའི་གནས་བབ་གང་ཡིན་པ་ཡོངས་རྫོགས་སླར་ཡང་ལུང་དྲངས་ནས་མི་སེར་སྤེལ་ཡུལ་དང་། སློབ་གྲྭའི་གོ་སྐབས། སློབ་འཇུག་གི་གོ་སྐབས། ཤེས་ཡོན་གྱི་གོ་སྐབས། མི་མང་གི་འཚོ་བ་ལ་སོགས་པ་དེ་དག་ལུང་དྲངས་ནས་མཐའ་མ་དེར་༸པཎ་ཆེན་རིན་པོ་ཆེས་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ང་ལ་འགན་སྤྲད་པ་རེད་དེ། དེ་ལས་སླ་པོ་མ་ཡིན་པ་རྒྱ་ནག་གཞུང་ལ་བརྡ་ལན་བཏང་ནས། བླ་མའི་སྤྲུལ་སྐུའི་ཡང་སྲིད་ཟེར་རྒྱུ་དེ་ངེས་པར་དུ་དགོངས་པ་མ་རྫོགས་བར་སྒུག་སྡོད་མི་དགོས་པ། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དགོངས་པ་མ་རྫོགས་གོང་ལ་ཁོང་གི་ཡང་སྲིད་༸རྒྱལ་དབང་སྐུ་འཕྲེང་བདུན་པ་སྐུ་བལྟམས་ཡོད་པ་དང་། བླ་མའི་ཡང་སྲིད་ཀྱང་དགུང་གྲངས་བཅུ་ལ་ཕེབས་པའི་སྐབས་ངོས་འཛིན་གནང་བ་ཡིན་ན་ཐུགས་ཕན་གསོ་བ་ཡོད་པ། བླ་མའི་ཡང་སྲིད་ཀྱི་ཡོན་ཏན་གཙོ་བོ་དེ་ནང་པ་སངས་རྒྱས་པའི་ཆོས་ལ་ཞབས་ཕྱི་ཞུ་རྒྱུ་དང་། དགོན་པ། བོད་བསྟན་སྲིད་ཀྱི་ཆེད་དུ་ཐུགས་འགན་བཞེས་དགོས་པ། ཡིན་ནའང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གལ་སྲིད་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་ཞིག་སྤྲོད་ཀྱི་ཡོད་པ་ཡིན་ན། ཆོས་ལུགས་ཆོས་བརྒྱུད་སོ་སོར་ངོས་འཛིན་གནང་སྟངས་མི་འདྲ་བ་ཡོད་པ་རེད། ཡིན་ནའང་ངས་ཇོ་བོ་ཤཱཀྱ་མུ་ནེ་སྐུ་མདུན་ལ་ཟན་རྟགས་བསྒྲིལ་ནས་འབད་བརྩོན་བྱེད་ཀྱི་ཡིན། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་ལ་ཟན་རྟགས་བསྒྲིལ་ནས་ཡང་དག་པ་མ་བྱུང་བ་ཡིན་ན་སྟོན་པ་ཤཱཀྱ་ཐུབ་པ་དངོས་སུ་གདན་འདྲེན་ཞུ་དགོས་བྱེད་ཀྱི་རེད་ཅེས་བཀའ་སློབ་གཟེངས་སུ་ཐོན་པ་གནང་སྟེ་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ལ་དགུང་གྲངས་ ༥༠ ལ་དགོངས་པ་རྫོགས་པ་རེད།

དགོངས་པ་རྫོགས་སྟངས་དེ་ང་ཚོ་ཚང་མས་འཛམ་བུ་གླིང་ལ་ཞུས་བསྡད་པ་རེད། ཞིབ་འཇུག་གང་ཡང་བྱུང་ཡོད་པ་མ་རེད། གང་ལྟར་དགུང་གྲངས་ ༥༠ ཟེར་དུས་མཐོ་བོ་གང་ཡང་ཕེབས་ཡོད་མ་རེད། ཡིན་ནའང་དུག་ཕུལ་ནས་དགོངས་པ་རྫོགས་པ་རེད། ཡང་སྲིད་ངོས་འཛིན་གྱི་སྐོར་ལ་༸པཎ་ཆེན་རིན་པོ་ཆེའི་བཀའ་སློབ་གསུང་གི་བདུད་རྩིའི་ནང་ལ་ཡོད་པ་བཞིན་༸པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་ཕྱི་ལོ ༡༩༨༩ ཟླ་ ༡ ཚེས་ ༢༨ ལ་དགོངས་པ་རྫོགས་པ་རེད། སྐུ་འཕྲེང་བཅུ་གཅིག་པ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ སྐུ་བལྟམས་པ་རེད། ཟླ་བ་བཞི་མ་གཏོགས་མའི་ཁོག་ལ་བཞུགས་ཡོད་མ་རེད། མ་འོངས་ལུང་བསྟན་བཟོ་འདྲ་ཞིག་གནང་བ་རེད། དེ་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བྱུས་བཏིང་ནས་ཕྱི་ལོ་ ༡༩༩༡ ནང་ལ་༸པཎ་ཆེན་ཡང་སྲིད་ངོས་འཛིན་གནང་རྒྱུའི་འཆར་གཞི་བཏིང་བ་དང་། ༸རྒྱལ་བ་ཐམས་ཅད་མཁྱེན་པས་རྒྱ་ནག་གཞུང་ཚབ་བརྒྱུད་ནསསྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་གྱི་ཆེད་དུ་གལ་སྲིད་འདི་ནས་མཐུན་འགྱུར་སྦྱར་རྒྱུ་ཡོད་པ་ཡིན་ན་གནད་ཆེན་དང་རླབས་ཆེན་༸རྒྱལ་བ་ཡབ་སྲས་གཉིས་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་གནང་ལུགས་ཡོད་པ་ཡིན་ཙང་མཐུན་འགྱུར་སྦྱར་གྱི་ཡིན་ཞེས་ཕྱག་བྲིས་ཕུལ་གནང་བ་མཛད་ཡོད། ཟླ་བ་གསུམ་རྗེས་ལ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དེ་ལ་ཕྱི་ཡིས་བྱུས་བཀོད་གང་ཡང་མེད་པའི་ཐོག་ནས་ང་ཚོས་བྱེད་ཀྱི་ཡིན་ཞེས་དེ་འདྲ་བཤད་ཡོད་རེད། དེ་བཞིན་བྱ་བྲལ་རིན་པོ་ཆེས་སྲས་རྒྱལ་ལོ་དོན་གྲུབ་དང་འབྲེལ་བ་གནང་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའི་ཡང་སྲིད་ངོས་འཛིན་ཕྱི་ནང་གཉིས་ཀྱི་མཚན་བསྡུ་རུབ་གནང་ནས། བོད་མདོ་དབུས་ཁམས་གསུམ་དང་། རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ཁག་དང་། ལ་དྭགས་གཙོས་པའི་བྱིས་པ་ ༣༠ ཡི་མཚན་བསྡུས་གནང་། མཐའ་མ་བྱ་བྲལ་རིན་པོ་ཆེ་གཙོས་པའི་ཕྱི་ནང་གཉིས་ཀྱི་བཀྲ་ཤིས་ལྷུན་པོས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་མོན་གྷོ་ལ་དུས་འཁོར་དབང་ཆེན་སྩལ་གནང་མཛད་པའི་སྐབས་སུ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མགྱོགས་པོ་ངོས་འཛིན་གནང་དགོས་པའི་གསོལ་འདེབས་ཞུས་པ་ལྟར་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༸རྒྱལ་བ་ཐམས་ཅད་མཁྱེན་པས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་བསྐྱངས་གནང་མཛད་པ་རེད། བསྐྱངས་པ་གཞིར་བཟུང་རྒྱལ་སྤྱིའི་གསར་འགྱུར་སྣ་ཚོགས་ནང་ལ་༸རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བ་དེ་བཏོན་གནང་བ་རེད། སུད་སི་དང་། འཇར་མན། རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ནང་ལ་གང་བཏོན་པ་དེ་ང་ཚོས་ཡིག་ཆའི་ནང་ལ་མཇལ་རྒྱུ་ཡོད་པ་རེད། དེ་བཞིན་༸པཎ་ཆེན་རིན་པོ་ཆེ་སྐུ་བལྟམས་པའི་རྗེས་དང་ཡང་སྲིད་ངོས་འཛིན་མ་གནང་བར་ཡབ་ཀྱིས་ཁོང་གསུང་འབྱོན་གྱི་རེད་ཅེས་གསུངས་གནང་འདུག། མཐའ་མ་ཁོང་གིས་གསུང་བྱོན་པའི་ནང་ལ་ང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན། ངའི་གནས་ས་དེ་བཀྲ་ཤིས་ལྷུན་པོ་ཡིན། ང་ཁྲི་མཐོ་པོ་སྒང་ལ་བཞུགས་ཀྱི་རེད། ངའི་གདན་ས་དེ་བོད་དང་རྒྱ་ནག་ནང་ལ་ཡོད་ཅེས་གསུངས་གནང་ནས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་གཅིག་པས་སྐབས་དེ་དུས་ནས་ཡབ་ཀྱི་གསུངས་པ་ནང་བཞིན་གསུང་བྱོན་གནང་མཛད་པ། དེ་ནས་ཕྱི་ལོ་ ༡༩༩༥ ལ་གནད་དོན་དེ་དག་བྱུང་བའི་རྗེས་ལ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ངོས་འཛིན་གནང་བ་དེར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་རྫོགས་ཀྱིས་གྲོས་ཆོད་བཞག་ཡོད་པ་དང་། རྒྱ་གར་གྱིས་གཙོས་པའི་ཕྱི་ནང་གི་མཁས་དབང་ཚོས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་ཡང་སྲིད་ལ་རྒྱ་ནག་གཞུང་གིས་རྩེད་མོ་བརྩེས་སོང། བོད་ཀྱི་ཆོས་དུམ་བུར་བཏང་སོང་ཞེས་པ་དེ་འདྲའི་རྩོམ་ཡིག་བྲིས་པ་མཇལ་རྒྱུ་ཡོད་རེད།

ལྷག་པར་དུ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དེའི་ཐོག་ལ། ཕྱི་ལོ་ ༡༩༩༥ ཟླ་ ༡༠ པར་༸སྐྱབས་མགོན་རིན་པོ་ཆེས་སླར་ཡང་ (Jiang Zemin) ལ་ཕྱག་བྲིས་ཕུལ་ནས་༸པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་དང་བསླབ་པ་ཐོས་བསམ་གནང་དགོས་རྒྱུ་དང། གོ་སྐབས་དགོས་རྒྱུ། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་མུ་མཐུད་ནས་བསྐྱར་གསོ་ཡོང་ཐབས་དགོས་རྒྱུའི་ཕྱག་བྲིས་ཕུལ་གནང་མཛད་པ་རེད་དེ། རྒྱ་ནག་དམར་པོའི་སྲིད་གཞུང་གཙོ་འཛིན་ (Jiang Zemin) གིས་ཡ་ལན་མ་བྱས་པ་རེད། དེའི་རྗེས་ཕྱི་ལོ་ ༡༩༩༥ ཟླ་ ༡༡ ལ་༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་གསར་འགོད་གསལ་བསྒྲགས་བསྐྱངས་གནང་མཛད་བ་རེད།

དེ་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་སྤྱི་ཡོངས་ལ་མགོ་སྐོར་རྫུན་གཏམ་བཤད་དེ། ཕྱི་ལོ་ ༡༩༩༧ ལོར་འཇར་མན་གྱི་ལྗང་ཁུ་ཆབ་སྲིད་ཚོགས་པའི་ (Green Political Party) ཚོགས་མི་པེ་ཅིང་དང་ལྷ་སར་ཕེབས་སྐབས། ༸པཎ་ཆེན་རིན་པོ་ཆེའི་སྐོར་པེ་ཅིང་ལ་བཀའ་འདྲི་ཞུས་པའི་སྐབས་སུ། ཁྱེད་རང་ཚོ་ལྷ་ས་ལ་ཕེབས་ཀྱི་རེད་པཱ། དེ་དུས་སྐད་ཆ་དྲིས་ཞེས་པ་དང་། ལྷ་སར་བཀའ་འདྲི་ཞུས་སྐབས་སུ་གནད་དོན་དེ་ཁྱེད་རང་ཚོ་པེ་ཅིང་ལ་ཡོད་པའི་སྐབས་སུ་སྐད་ཆ་དྲིས་དགོས་རེད་ཅེས་གསུངས་པ། མཐའ་མ་ལྗང་ཁུ་ཆབ་སྲིད་ཚོགས་པའི་ཚོགས་མི་ང་ཚོའི་ཕྱི་དྲིལ་ལས་ཁུངས་བརྒྱུད་ནས་དྷ་རམ་ས་ལར་ཕེབས་པ་རེད། ང་ཚོ་དངོས་སུ་མཇལ་རྒྱུ་བྱུང། ཁོང་ཚོ་ཧོན་ཐོར་ནས་ང་ཚོར་མགོ་སྐོར་བཏང་བྱུང་གསུངས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༩༩ དང་ ༢༠༠༠ ལོ་སྟོད་ལ་ཨིན་ཇིའི་རྒྱལ་སར་བོད་དོན་རྒྱབ་སྐྱོར་བ་དང་གནད་ཡོད་མི་སྣ་ཚོས་༸པཎ་ཆེན་རིན་པོ་ཆེའི་སྐོར་ལ་བཀའ་འདྲིི་ཞུས་པའི་སྐབས་སུ་འདྲ་དཔར་རྫུན་མ་ཞིག་བསྟན་ནས་མགོ་སྐོར་བཏང་བ་རེད། དེང་དུས་ཀྱི་ཆར་མགོ་སྐོར་འཕར་མ་ཞིག་གང་གཏོང་གི་ཡོད་པ་རེད་ཞུས་པ་ཡིན་ན། ༸པཎ་ཆེན་རིན་པོ་ཆེ་བྱིས་པ་དཀྱུས་མ་རེད། མི་དཀྱུས་མ་རེད། བསླབ་པ་ཐོས་བསམ་གནང་གི་ཡོད་པ་རེད། ཕྱི་ནས་ཁོང་གི་སྲོག་ལ་ཉེན་ཁ་འདུག ཁོང་མངོན་གསལ་དོད་པོར་འདོན་གནང་བྱེད་ཀྱི་མིན་འདུག བྱས་ཙང་སྟོན་ཐུབ་ཀྱི་མི་འདུག་ཅེས་རྫུན་གཏམ་དང་སྐྱག་རྫུན་བཤད་ནས་མགོ་སྐོར་གཏོང་གི་ཡོད་པ་རེད། དེ་འདྲ་སོང་ཙང་ད་ལྟའི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་དགུང་ལོ་ ༣༠ ལ་ཕེབས་ཀྱི་ཡོད་པ་རེད་དེ། འབྲེལ་ཡོད་སུ་གང་ལ་གོ་རྒྱུ་ཡོད་མ་རེད། འཛམ་བུ་གླིང་གིས་གསུང་བསྐྱོན་གནང་གི་ཡོད་པ་རེད། རྒྱབ་སྐྱོར་གནང་གི་ཡོད་པ་རེད། ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ནས་ཀྱང་གནང་གི་ཡོད་པ་རེད། ཚོགས་པ་ཁག་ནས་གནང་གི་ཡོད་པ་རེད། མུ་མཐུད་ནས་གནང་དགོས་རྒྱུ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་རེད། མི་རེ་ངོ་རེ་ནས་འགན་འཁྱེར་དགོས་ཀྱི་ཡོད་པ་རེད། སྐུ་ཕྲེང་བཅུ་པ་ཆེན་པོར་ཆ་བཞག་པ་ཡིན་ན། དགུང་གྲངས་ ༥༠ ལ་སྐུ་འཚོ་བཞུགས་སྐབས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེའི་གསུང་བཤད་ནང་ལ་ཡོད་པ་ནང་བཞིན་གྱི་གང་ལྟར་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་དོན་དག་ལ་བཏང་གནང་མཛད་པའི་བཀའ་དྲིན་གྱི་ད་ལྟ་ཡིན་ནའང་བོད་ནང་ལའང་ང་ཚོའི་ཆོས་སྡེ་དང་། རིག་གཞུང་། མི་རིགས་དེ་དག་གཟེངས་སུ་ཐོན་པ་གནས་ཐུབ་རྒྱུ་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུགས་ཀྱི་དགོངས་པ་གཅིག་འགྱུར་ཡིན་པ་ཞིག་ལ་ང་ཚོས་བཀའ་དྲིན་རྗེས་དྲན་བསམ་དགོས་ཀྱི་ཡོད་པ་རེད། ངས་གནད་དོན་དེ་དག་ཞུས་པའི་ཐོག་ནས་དེ་རིང་སྐུ་ཕྲེང་བཅུ་པ་མཆོག་ལ་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་མགྱོགས་འཛམ་གླིང་ཡོངས་ཁྱབ་ནང་ལ་མཇལ་རྒྱུ་ཡོད་པའི་སྨོན་ལམ་ཡོད་པ་བཅས། །

Menu