ཀུ་རུཀ་ཤེཏ་ར་གཙུག་ལག་སློབ་གྲྭ་ཆེན་མོའི་སློན་དཔོན་ཏེ་ཇིན་ཏར་ཤར་མ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༢ ཉིན་ཀུ་རུཀ་ཤེཏ་ར་(Kurukshetra University)གཙུག་ལག་སློབ་གྲྭ་ཆེན་མོའི་སློན་དཔོན་ཏེ་ཇིན་ཏར་ཤར་མ་ལགས་( Prof.Tejinder Sharma) ཀྱིས་གཙོས་ཧི་མྰ་ཅལ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་་མ་ནོཇ་ཤར་མ་ (Dr. Manoj Sharma)ལགས་དང་། སློབ་དཔོན་ཝི་ཤལ་ནེ་རི་ཡ་ (Dr. Vishal Nehria) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་རྣམས་ལ་སྣེ་ལེན་མཇལ་འཕྲད་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོ་སྤྲོད། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་གཉིས་སྨན་དབུ་མའི་ལམ་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་པར་སྐྲུན་གནང་བའི་ཕྱག་དེབ་ཁག་ཅིག་ཕུལ་གནང་ཡོད་པ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཐོ་སློབ་ཁག་ཏུ་གོ་སྒྲིག་ཞུས་གནང་བའི་མཁས་པའི་བགྲོ་གླེང་སྐོར་དང་མ་འོངས་པར་ཁོང་རྣམ་པའི་མཐོ་སློབ་ཁག་ཏུ་ཡང་དེ་ལྟ་བུའི་བགྲོ་གླེང་གོ་སྒྲིག་ཞུ་ཐུབ་ན་ལེགས་སྐོར་དགོངས་ཚུལ་གསུངས་གནང་བར། ཁོང་རྣམས་ཀྱིས་མོས་མཐུན་དང་བསྔགས་བརྗོད་ཞུས་གནང་སོང་། དེ་བཞིན་ཁོང་རྣམས་ཀྱིས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་དོན་སྐོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མཐོ་སློབ་སློབ་ཕྲུག་ཁག་ལའང་བོད་དོན་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་པའི་ཁས་ལེན་ཞུས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་བ་བཅས། །