ཀིརྟི་དགོན་གྱི་ཛ་དྲག་གནས་སྟངས་ཞི་འཇགས་སླད་༸གོང་ཆེན་པོ་དབུ་བཞུགས་ཀྱི་སྨོན་ལམ་ཚོགས་ཡོད།

དེ་རིང་ཟླ་ ༤ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ སྟེང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྔ་བ་ཀིརྟི་དགོན་གྱི་ཛ་དྲག་གནས་སྟངས་ཞི་འཇགས་སླད་སྨོན་ལམ་ཚོགས་ཡོད་པ་དང་། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། རྡ་རམ་ས་ལ་ནས་ལྡི་ལི་བར་སེར་སྦྲེང་སྙན་སྐུལ་སྨོན་ལམ་དུ་སྐོར་བསྐྱོད་བྱེད་མཁན་ཀིརྟི་བྱེས་པ་གྲ་ཚང་གི་དགེ་འདུན་པ། རྣམ་གྲྭ་དང་བཞུགས་སྒར་ཉེ་ཁུལ་གྱི་གྲྭ་བཙུན། གཞུང་ཞབས་ཡོངས་རྫོགས། རྡ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་གི་སྐུ་ཚབ། སློབ་ཕྲུག་དང་མི་མང་། ཕྱི་རྒྱལ་བ་སོགས་མི་གྲངས་ ༢༠༠༠ ལྷག་སྨོན་ལམ་དུ་མཉམ་ཞུགས་བྱས་ཡོད།

སྨོན་ལམ་གྲུབ་འཕྲལ། བཀའ་བློན་ཁྲི་པ་མཆོག་ནས་སྐོར་བསྐྱོད་གནང་མཁན་ཀིརྟི་བྱེས་པ་གྲ་ཚང་གི་དགེ་འདུན་ཚོར་དམིགས་པའི་ལམ་སྟོན་གསུང་བཤད་གནང་བ་དང་སྦྲགས། སྐོར་བསྐྱོད་སྣེ་ཁྲིད་པར་བོད་ཀྱི་རྒྱལ་དར་བསྐུར་སྤྲོད་གནང་ཡོད་ཅིང་། རྔ་བ་ཀིརྟི་དགོན་པའི་དགོན་བདག་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གྱིས་དབུས་པའི་སྤྱི་འཐུས་སྐོར་ཞིག་དང་མང་ཚོགས་སྟོང་ཕྲག་བརྒལ་བ་སྐོར་བསྐྱོད་དབུ་འཛུགས་ཀྱི་མཛད་སྒོར་ཞུགས་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྐོར་བསྐྱོད་གནང་མཁན་ཚོར་ཕེབས་སྐྱེལ་མཇལ་དར་ཕུལ་ཡོད།

ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་ཞལ་གྲངས་བརྒྱ་ཐམ་པ་གཞིས་དགོན་གྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད། ཟླ་ ༤ ཚེས་ ༢༦ ཉིན་བཞུགས་སྒར་ནས་རྡོག་ཐོན་གྱིས། ལམ་འཁེལ་གྲོང་ཁྱེར་ཁག་ཏུ་གོམ་བགྲོད་གནང་བཞིན་ཚེས་ ༣༠ ཉིན་ལྡི་ལིར་འབྱོར་འཆར་ཡོད་འདུག