ཀན་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཧེ་སི་མུག་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

ཟླ་བ་ ༤ ཚེས་ ༦ ཉིན་ཀན་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཧེ་སི་མུག་མཆོག་དང་ཚོགས་མི་ཁག་ཅིག་ཕྱག་ཚོད་ ༡༢།༢༥ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་སྣེ་ལེན་ཞུས་རྗེས་ཆུ་ཚོད་ཕྱེད་ཀའི་རིང་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་བས། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ཀྱི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་བཙན་བྱོལ་དང་བོད་ནང་གི་བོད་མིའི་གནས་སྟངས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པས་མུ་མཐུད་རྒྱབ་སྐྱོར་གནང་གལ་ཆེ་བའི་སྐོར་དང་། ཀན་ཡ་ཙམ་མིན་པར་ཨ་ཕི་རི་ཁའི་གླིང་ཕྲན་ནང་བོད་དོན་་རྒྱབ་སྐྱོར་ཚོགས་པ་གང་མང་བསྐྲུན་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས། དེ་རྗེས་ཀན་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཧེ་སི་མུག་མཆོག་གིས་དེ་སྔོན་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་གནང་མཛད་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་བཀའ་སློབ་གནང་བས་མི་མང་པོར་སེམས་འགུལ་ཐེབས་པའི་སྐོར་དང་། ཀན་ཡའི་ནང་བོད་ཀྱི་སྨན་པ་གདན་དྲངས་ནས་སྨན་བཅོས་ཕྱོགས་བསྐྱོད་ཐེངས་བདུན་ཕེབས་ཏེ་ནད་པ་བརྒྱ་ཕྲག་མང་པོོར་ཕན་པ་བསྐྲུན་པའི་སྐོར་སོགས་གསུངས་།  དེ་བཞིན་བོད་ཀྱི་བདེན་མཐའ་བསལ་ཐབས་ཆེད་ཕྱོགས་ཡོངས་ནས་མཉམ་རུབ་བྱེད་དགོས་པའི་ལམ་སྟོན་ཡང་གནང་། དེ་རྗེས་ཁོང་རྣམས་གྲོས་ཚོགས་སུ་གཟིགས་སྐོར་གནང་བ་བཅས་ཀྱི་གནས་ཚུལ་དུ།

Menu