༄༅། །རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཁག་ལ་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཕེབས་བཅར་ཡོད་པ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བཟོ་གྲྭ་དང་། འགྲིམ་འགྲུལ་བློན་ཆེན་ཟུར་པ་སྐུ་ཞབས་ཀི་ཤན་ཀ་པུར་ Kishan Kapoor མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གཞོན་པ། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནི་ནོང་ཨེ་རིང་ Shri Ninong Ering མཆོག་ཕེབས་གནང་མཛད་པར་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་མཛད་སྒོའི་ཐོག་དམིགས་བསལ་འཚམས་འདྲི་དང་སྦྲགས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམ་པ་གཉིས་ལ་ཆེས་མཐོའི་ཕྱག་རྟགས་རེ་འབུལ་གནང་མཛད་པའི་གནས་ཚུལ་དུ།།