
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༥ ཉིན་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་ (Jaigaon) དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ། ༸སྐྱབས་མཆོག་མཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་༸གོང་མ་ཁྲི་རབས་ཞེ་བཞི་པའི་ལུགས་ཟུང་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་ཁྲི་སྟོན་མཛད་སྒོ་ཚོགས་གནང་སོང་།

སྐབས་དེའི་ཁྲི་སྟོན་དངོས་གཞིའི་མཛད་སྒོའི་ཐོག་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག ༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ་དང་། བླ་ཆེན་ཁག ༧དཔལ་ལྡན་མི་དབང་མངའ་བདག་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་སྐུ་ཚབ་མི་རྗེ་བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག

སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་གྲའུ་ངག་དབང་བློ་གྲོས་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐུ་ཞབས་ལྷན་རྒྱས། རྗེ་བཙུན་མ་རྣམ་པ། མཁན་སྤྲུལ་རྣམ་པ། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། སྤྱི་ཟུར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས། སྤྱི་ཟུར་གྲའུ་ཚེ་བརྟན་ལགས། ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན་གནད་ཡོད་སྐུ་མགྲོན་ཁག སེར་སྐྱ་མང་ཚོགས་བཅས་ཕེབས་འདུག

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༥ ཐོག ྋསྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ་སྤྱན་བརྒྱ་སྤོས་སྣེའི་བསུ་བ་སེར་སྦྲེང་ཟབ་རྒྱས་དང་བཅས་གདན་འདྲེན་དང་། དེ་ནས་ྋསྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང༌། ྋསྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་ྋསྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས།

ྋསྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ྋགོང་མ་ཁྲི་འཛིན་ཞེ་བཞི་པའི་ལུགས་གཉིས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག ྋསྐྱབས་མགོན་ྋགོང་མ་ཁྲི་འཛིན་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། སྐབས་དེར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཆོག དཔལ་ལྡན་ཆོས་རིག་བཀའ་བློན་མཆོག སྤྱི་འཐུས་རྣམ་པས་རྟེན་གསུམ་འདེགས་འབུལ་ཞུས་གནང་སོང་།

དཔལ་ས་སྐྱའི་༸གོང་མ་ཁྲི་རབས་ཞེ་བཞི་པའི་ཁྲི་སྟོན་མཛད་སྒོ་གྲུབ་མཚམས། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ྋསྐྱབས་མགོན་ྋགོང་མ་ཁྲི་འཛིན་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་མཇལ་ཁ་ཞུས་གནང་ཡོད་པ་བཅས།
















