༸རྒྱལ་བའི་སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད་༸རྒྱལ་བའི་མཛད་རྣམ་དང་། སྤྱོད་འཇུག་གཉིས་ཀྱི་བརྗོད་གཞིའི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོར་གྲྭ་ཚང་རིན་པོ་ཆེ་ནས་མགྲོན་འབོད་ལྟར་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་བཅས་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༢༨ ཉིན་གྱི་སྔ་དྲོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ། ༸རྒྱལ་བའི་སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད་༸རྒྱལ་བའི་མཛད་རྣམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་ཀྱི་བརྗོད་གཞིའི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོ་ཚོགས་གནང་འདུག


སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་མཆོག་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Shri Kiren Rijiju) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ཤ་ཝར་ ཧེག་རི་ ཀ་གེ་རི་(Shri Vishwar Hegre Kageri, Lok Sabha, MP) མཆོག ྋསྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ྋསྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག བློ་གསལ་གླིིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག ཆོས་རིག་བཀའ་བློན་སྐུ་ཚབ་མཆོག ཀ་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤཱི་ཝ་རམ་ ཧེ་བྷར་ (Shri Shivaram Hebbar) མཆོག འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། དབུ་ཆོས་རྣམ་པ་གཉིས། ཕྱག་མཛོད་ཁྲི་པ། དགེ་འདུན་པ་དང་ས་གནས་མང་ཚོགས་བཅས་ཕེབས་ཡོད་འདུག

དེ་ཡང་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་གནང་རྗེས། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། རྒྱ་གར་དབུས་གཞུང་གི་བདེ་དོན་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Shri Kiren Rijiju) མཆོག་རྣམ་གཉིས་ནས་༧སྐུའིགོ་སྟོན་གྱི་སྤྲི་གོར་བཏུབ་རྗེས། སྐུ་མགྲོན་དང་མི་མང་བྱིངས་ལ་སྤྲི་གོར་བགོ་འགྲེམས་གནང་འདུག

མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་མཆོག་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Shri Kiren Rijiju) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ཤ་ཝར་ཧེག་རི་ ཀ་གེ་རི་ (Shri Vishwar Hegre Kageri, Lok Sabha, MP) མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ྋསྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ྋསྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག ཀ་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤཱི་ཝ་རམ་ ཧེ་བྷར་ (Shri Shivaram Hebbar) མཆོག བློ་གསལ་གླིིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་དང་། འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནས་བློ་གསལ་གླིང་གྲྭ་ཚང་དང་ཨེ་མོ་རི་མཐོ་སློབ་དབར་ཤེས་རིག་བརྗེ་ལེན་གྱི་སྐོར་ལ་གསུང་བཤད། ཕྱག་མཛོད་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་འདུག

གཞན་ཡང་མཛད་སྒོའི་ཐོག་ྋསྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་རྒྱ་གར་དབུས་གཞུང་གྲོས་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Shri Kiren Rijiju) མཆོག་ལ་གྲྭ་ཚང་གི་ཞུ་ཡིག་ཕུལ་འདུག་པ་དང་།

དེ་བཞིན་སྐུ་མགྲོན་རྣམས་ལ་༸རྒྱལ་བའི་སྐུའི་གོ་སྟོན་སྲུང་བརྩི་སླད་རིས་མེད་མཁས་པའི་བགྲོ་གླེང་འཚོགས་པའི་དྲན་རྟེན་ཕུལ་བ། གཞིས་གྲོང་གསུམ་པའི་སློབ་མ་དང་། བློ་གསལ་གླིང་སློབ་གྲྭའི་སློབ་མ་རྣམས་ནས་རིགས་ལམ་སྤྱན་འབུལ། བློ་གསལ་གླིང་སློབ་གྲྭའི་སློབ་མ་གསུམ་ནས་༸གོང་ས་མཆོག་ལ་བསྟོད་པའི་སྙན་ངག་གྱེར་འདོན་སོགས་གནང་འདུག་པ་བཅས།