༸དཔལ་ས་སྐྱ་པའི་ཁྲི་འཛིན་ཞེ་གཉིས་པ་མངའ་གསོལ་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་གསུང་བཤད།

 

17201297_1185092688256327_1043922777973386620_n

སྔོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བཀའ་དྲིན་བླ་མེད་བསྐྱངས་པ་ལས་རྒྱལ་བསྟན་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་ལྗོངས་སུ་དར་རྒྱས་བྱུང་བ་ནི་བོད་ཀྱི་ཆོས་སྲིད་དཔལ་ཡོན་སྤྱི་དང་། བྱེ་བྲག་བོད་ཁམས་ཀྱི་འགྲོ་བ་ཀུན་ལ་ཕན་བདེའི་ལེགས་པའི་སྒོ་བརྒྱ་འབྱེད་ཅིང་། བོད་བཙན་པོའི་སྐབས་དང་། བོད་སིལ་བུར་འཐོར་རྗེས་དང་། ལྷག་པར་ཕྱི་ལོ་ ༡༢༥༣ ལོ་ནས་དཔལ་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་མཛད་སྐབས་སོགས་སུ་རྒྱལ་བསྟན་རིན་པོ་འདི་ཉིད་རིས་སུ་མ་ཆད་པར་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་ཡོད་པ་དང་། དེ་ཡང་བོད་ཙམ་མ་ཟད་ཆེན་པོ་ཧོར་སོགས་བརྒྱུད་རྒྱལ་བསྟན་རིན་པོ་ཆེར་དད་གུས་ཆེན་པོས་མཆོད་ཡོན་ཀྱི་འབྲེལ་བས་བསྟན་འགྲོར་ཕན་པའི་མཛད་རྗེས་བླ་མེད་བསྐྱངས་ཡོད།

ཕྱི་ལོ་ ༡༦༤༢ ལོ་ནས་༸གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་ཕྱག་མཚན་དུ་བདག་གིར་བཞེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་དབང་བསྒྱུར་གསེར་གྱི་འཁོར་ལོས་བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བའི་རྨད་བྱུང་གི་མཛད་རྗེས་བསྐྱངས། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ནང་བཙན་འཛུལ་དཔུང་འཇུག་གིས་བོད་སར་བཙན་བཟུང་བྱེད་འགོ་བཙུགས་ཏེ་བོད་ཀྱི་ཆབ་སྲིད་གནས་བབ་ཛ་དྲག་ཉེན་ཆེར་གྱུར་སྟབས། ཕྱི་ལོ་ ༡༩༥༠ ལོར་བོད་ལྗོངས་ལྷ་སྡེ་མི་སྡེ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་ནས་ཆབ་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བསྐྱེད་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་ཐུགས་འགན་བདག་གིར་བཞེས་ཏེ། བོད་ཀྱི་གནས་བབ་སྔ་སོར་ཆུད་ཐབས་སུ་རྒྱ་གཞུང་རང་ལ་མེས་འཚིགས་མེར་གཏུགས་ཀྱིས་ཐབས་ཤེས་འབྲེལ་ལམ་རིམ་བསྟུད་གནང་ཡང་རྒྱ་ནག་དམར་གཞུང་གིས་གཡོ་སྒྱུའི་ངན་བྱུས་དང་། དྲག་ཤུགས་ཁོ་ནའི་བྱེད་བབ་དབང་གིས་མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ཆོལ་གསུམ་བོད་མི་ཡོངས་ཀྱིས་རྒྱལ་ས་ལྷ་སར་རྒྱ་དམར་ལ་ཞི་བའི་མི་མང་སྒེར་ལངས་ཆེན་མོ་བྱས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་གཅིག་ཀྱང་དེ་རིང་ཁེལ་ཡོད།

ལོ་དེ་རང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་མཐུ་མེད་བྱུང་བ་དང་། གང་གི་ཕེབས་རྗེས་སུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་གནས་བབ་སོགས་ལ་རྒྱ་གར་གཞུང་ལ་འབྲེལ་ལམ་གོ་བསྡུར་རིམ་པ་བརྒྱུད་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག་གསར་འཛུགས། དགོན་སྡེ་ཁག་གསར་བཞེངས་སོགས་ལྷག་པར་བོད་མིའི་ཆབ་སྲིད་རང་བཞིན་མང་གཙོ་ཅན་དུ་འགྱུར་རྒྱུའི་དགོངས་བཞེས་སྔོན་ཡོད་ལྟར་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་སོགས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་མཛད་པ་སོགས་ནི་གནས་ཡུལ་རྒྱ་གར་གཞུང་མང་གཉིས་དང་། ༸གོང་ས་མཆོག་གིས་བཀའ་དྲིན་བླ་མེད་ལས་བྱུང་བ་མ་ཟད། གང་ཉིད་ཀྱིས་བོད་མིའི་ཆོས་སྲིད་རིག་གཞུང་དང་བཅས་པར་མཛད་འཕྲིན་འཛམ་གླིང་ཡུལ་གྲུ་གང་སར་མུ་མེད་དུ་བསྐྱངས་དང་སྐྱོང་བཞིན་པར་འཛམ་གླིང་རྒྱལ་ཁབ་གང་ས་ནས་བསྔགས་བརྗོད་དང་གུས་བཀུར་བླ་མེད་དུ་ཞུ་བཞིན་ཡོད།

གང་གི་ཞབས་རྗེས་སུ་བསྙེགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུ་དྲུང་བོན་དང་བཅས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་རྒྱལ་བསྟན་རིན་པོ་ཆེར་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཛམ་གླིང་ཁྱོན་འདིར་དར་རྒྱས་ཡུན་གནས་མཛད་བཞིན་པ་སྤྱི་དང་། ལྷག་པར་དུ་དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་རབས་ ༤༡ པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག་དུས་དེར་སྐུ་ན་ཆུང་ཡང་བསྟན་འགྲོ་སྤྱི་དང་། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་མདོ་སྔགས་ཀྱི་བཤད་སྒྲུབ་སྤྱི་དང་། མཐུན་མིན་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་ཐུགས་འགན་བསྐྱེད་བཞེས་མཛད་དེ་ཆོས་ཀྱི་བསྟི་གནས་དགོན་སྡེ་ཁག་གསར་བཞེངས་དང་། རྒྱལ་ཕྱི་ནང་གི་ཆོས་ཚོགས་གསར་འཛུགས་བཅས་ཀྱིས་བཤད་སྒྲུབ་གཉིས་ཀའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་དང་། དེང་གི་དུས་སུ་ཡངས་པའི་ས་ཆེན་པོའི་ཁྱོན་འདིར་ཁོང་གི་མཛད་བཟང་ལ་མངོན་པར་བསྟོད་ཅིང་དད་མོས་ཅན་གྱི་སྐྱེ་བོ་ཁྲི་ཕྲག་མང་པོས་བཀུར་བཞིན་ཡོད།

ལྷག་པར་དུ་བོད་ཀྱི་དུས་ཚོད་ཉག་ཕྲ་བའི་དུས་སྐབས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཀྱིས་བོད་ཀྱི་ཆོས་སྲིད་ཀྱི་བྱ་བ་གང་ཅིར་རྒྱུན་ཆད་མེད་པར་རམ་འདེགས་མཛད་དང་མཛད་བཞིན་པ་སོགས་ལ། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞེས་གུས་འདུད་ཆེན་པོས་ཞུ་རྒྱུ་ཡིན།

མགོན་པོ་གང་ཉིད་ཀྱིས་ཐུགས་འགན་གཙོ་བཞེས་མཛད་པའི་དཔལ་ས་སྐྱའི་ཁྲི་འཛིན་དུ་ཕེབས་ཕྱོགས་ལམ་ལུགས་གསར་གཏོད་མཛད་པ་འདི་ཉིད་ཕྱི་ལོ་ ༢༠༡༤ ལོར་གནས་མཆོག་ལུམ་བི་ནིའི་ཚལ་དུ་ས་སྐྱ་སྨོན་ལམ་ཚོགས་ཡོངས་སུ་ཡོངས་ཁྱབ་ཕྱི་བསྒྲགས་མཛད་དོན་བཞིན།  དཔལ་ལྡན་ས་སྐྱ་པའི་མ་འོངས་པའི་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་ཕྱོགས་ཀྱི་ལམ་ལུགས་འགྱུར་བ་གཏོང་ཏེ། མཁྱེན་ཡོན་གྱི་ཆ་རྐྱེན་དང་བཅས་པའི་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་གསུམ་རེའི་རིང་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་སྐྱོང་མཛད་རྒྱུ་ཐག་བཅད་གཅོད་མཛད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་དེ་དོན་༸སྙན་གསན་ཞུས་པར་༸གོང་ས་མཆོག་གིས་”འདི་ནི་དུས་མཐུན་གྱི་དགོངས་བཞེས་ཧ་ཅང་ལེགས་པོ་བྱུང་འདུག་པར་ཡི་རངས་བསྔགས་བརྗོད་ཡོད་”ཅེས་བསྟོད་བསྔགས་བཅས་ཐུགས་དགྱེས་ཚོར་མཛད་པ་སོགས་དུས་བསྟུན་རླབས་ཆེན་གྱི་མཛད་བཟང་འདི་ལ་ཀུན་གྱིས་མངོན་པར་བསྟོད་བཞིན་ཡོད།

དེ་རིང་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོ་འདིར༸སྐྱབས་མགོན་༸གོང་མ་རཏྣ་བཛྲ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་དཔལ་ས་སྐྱའི་ཁྲི་རབས་ ༤༢ པར་མངའ་གསོལ་གཟེངས་བསྟོད་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། འདི་ནི་ལོ་རྒྱུས་རང་བཞིན་གྱི་ཁྲི་འཛིན་ལམ་ལུགས་གསར་བཏོད་མཛད་པ་ཞིག་ཡིན་པས་དཔལ་ས་སྐྱའི་པའི་ལྷ་སྡེ་མི་སྡེ་ཡོངས་དང་། བོད་ཀྱི་ལོ་རྒྱུས་ཐོག་ལའང་གལ་ཆེ་བའི་དུས་ཚོད་ཅིག་ཀྱང་ཆགས་ཡོད།

ཁྲི་རབས་ ༤༢ པའི་མཛད་ཁུར་བདག་གིར་བཞེས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་དུ་བོད་ཀྱི་དུས་ཚོད་ཉག་ཕྲ་བའི་དུས་སྐབས་འདིར་བོད་བསྟན་སྲིད་མི་རིགས་དང་བཅས་པར་མཛད་བཟང་རླབས་པོ་ཆེ་སྐྱོང་བཞེས་ཡོང་བ་དང་། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་དགའ་གུས་གནང་མཁན་གྲངས་འབོར་ཉིན་རེ་བཞིན་འཕེལ་བཞིན་ཡོད་པས། ༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཐུགས་འགན་ཆེ་བཞེས་མཛད་དེ་རང་རེའི་མི་རབས་གསར་པ་རྣམས་དང་། རྒྱལ་སྤྱིའི་ཁྱོན་གྱི་རྗེས་འཇུག་པ་ཡོངས་ལ་དམ་པའི་ཆོས་ཀྱི་དགའ་སྟོན་ཅི་དགར་ལོངས་སུ་སྤྱོད་ཐུབ་པའི་ཐུགས་བསྐྱེད་མཛད་འཕྲིན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་མཛད་ཁུར་སྐྱོང་བཞེས་ཡོང་བ་དང་།

བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་ཁྱོན་ནས་ཀྱང་དེ་རིང་གི་མཛད་སྒོ་འདིར་ཐུགས་སྣང་དང་། བོད་ཀྱི་ལོ་རྒྱུས་ནང་ལ་འཕོ་འགྱུར་གསར་པ་ཞིག་མཇལ་གྱི་ཡོད་པ་བཞིན། མཁྱེན་ཡོན་ལྡན་པའི་༸གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ཁྲི་འཛིན་གོང་མ་རྣམས་ཀྱི་མཛད་བཟང་ཁྱེད་ཉིད་གཅིག་པུས་སྐྱོང་བཞེས་ཐུབ་པའི་ཐུགས་བསྐྱེད་གོ་ཆ་བཙན་པོ་བཞེས་པའི་ངོས། གནའ་སྲོལ་དང་དེང་རབས་གཉིས་ཕྱོགས་ཀྱི་ཐོག་ནས་གང་ལ་གང་འདུལ་གྱི་འགྲོ་བའི་རེ་བ་ཇི་བཞིན་སྐོང་བའི་མཛད་བཟང་མུ་མཐའ་མེད་པར་ཁྱབ་སྐྱོང་ཡོང་བའི་གསོལ་འདེབས་ཞུ་བཞིན་ཡོད།

དེ་བཞིན་དཔལ་ལྡན་ས་སྐྱ་པའི་བསྟན་པའི་སྐྱེས་ཆེན་རྣམས་ཀྱིས་དབུས་རྗེས་འཇུག་སེར་སྐྱ་མང་ཚོགས་དང་བཅས་པས་ཁྱེད་ཀྱི་མཛད་བཟང་ལ་ཡི་རངས་དགའ་གུས་ཆེན་པོས་མངོན་པར་བསྟོད་ཅིང་། བསྟན་འགྲོར་ཕན་པའི་མཛད་འཕྲིན་རྣམས་ལ་ཁ་ཞེ་མེད་པར་ཞབས་འདེགས་ཀྱིས་ཐུགས་བཞེད་ཇི་བཞིན་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱུར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་། དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་སྐུ་ཚེ་མཛད་འཕྲིན་དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་ཕྱི་ལོ་ ༡༠༡༧ ཟླ་ ༣ ཚེས་ ༡༠ ལ།།

Menu