༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱི་སྨོན་ལམ་མཆོད་འབུལ་དང་འཛམ་གླིང་ཁྱོན་དུ་དེ་མཚུངས་སྲུང་བརྩི།

འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ནས་བཟུང་ཨ་མདོ་རྔ་པ་དང་ཁམས་རྟའུ་བཅས་སུ་བོད་མི་སེར་སྐྱ་གྲངས་ ༩ ཡིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་ཞུགས་འབུལ་གྱིས། སེར་སྐྱ་ ༥ རྐྱེན་འདས་སུ་གྱུར་པ་དང་། ༤ ཡི་སྐུ་གཟུགས་གནས་སྟངས་དང་གར་ཡོད་གང་བྱས་ཆ་མི་འཚལ་བ་དང་། རྒྱ་གཞུང་གིས་ཞི་རྒོལ་བྱུང་ཡུལ་དུ་མུ་མཐུད་དམ་བསྒྲགས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐད་བཀའ་སྤྱི་ལྷན་ཚོགས་སྔ་རྗེས་སུ་ཐག་གཅོད་བྱུང་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་ཁོངས་སུ། དེ་རིང་ཕྱི་ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དབུ་བཞུགས་ཐོག  དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང་། བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་རྣམ་པ་དང་། བཀའ་བློན་རྣམ་པ། སྲི་ཞུ་བའི་ལས་བྱེད་ཡོངས་དང་། དགོན་སྡེ་ཁག་གི་གྲྭ་བཙུནབ་སྔགས་གསུམ། དྷ་སའི་ཚོགས་སྡེ་ཁག བོད་ཁྱིམ་སྟེང་ཤོད་གཉིས་ཀྱི་སློབ་ཕྲུག་དང་སེར་སྐྱ་མང་ཚོགས། སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༢༣ ཚོགས་བཅར་བ་རྣམས་དང་། ཕྱི་རྒྱལ་བ་བཅས་བསྡོམས་མི་གྲངས་ ༥༠༠༠ ལྷག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ་ཚོར་སྨོན་ལམ་མཆོད་འབུལ་རྒྱ་ཆེ་ཞིག་གནང་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བཀའ་བློན་ཁྲི་པ་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སྤོས་སྣེས་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་འཁོད་འཕྲལ། སྨོན་ལམ་གསུང་འདོན་དབུ་ཚུགས་པ་དང་། ཞལ་འདོན་གྱི་མཚམས་སུ་བཀའ་བློན་ཁྲི་པས།  དཔའ་བོ་དཔའ་མོ་རྣམ་པའི་མཚན་དང་འདས་གསོན་གྱི་གནས་ཚུལ་རེ་རེ་བཞིན་སྙན་སྒྲོན་དང་སྦྲགས། གོང་གསལ་རང་ལུས་མེར་བསྲེགས་གཏོང་མཁན་དགུ་ནས་ལྔ་འདས་གྲོངས་སུ་གྱུར་ཟིན་པ་དང། བཞི་ཡི་གནས་སྟངས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱར་འདུག་ན། སྤྱིར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་དང། ཁྱད་པར་གོང་གསལ་འདས་སོན་དགུ་པོ་དང་ཁོང་ཚོའི་ཕ་མ་ཉེ་འབྲེལ་རྣམས་ཀྱི་གཙོ་བོར་གྱུར་པའི་བར་ལམ་འཛིན་བཟུང་བཙོན་འཇུག་གི་དམ་བསྒྲགས་འོག་ཚུད་པའི་གཞིས་བཞུགས་སེར་སྐྱ་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་དེ་རིང་ལྷག་དཀར་གྱི་ཉིན་མོ་དང་བསྟུན་ནས་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་སུ་ཉིན་བརྒྱ་དུས་གཅིག་ལ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ཐུགས་རྗེ་བསྐུལ་བའི་སྨོན་ལམ་མཆོད་འབུལ་ཞུ་རྒྱུའི་གོ་སྒྲིག་ཞུས་པ་ཡིན་ཞེས་དང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམ་པར་དྲག་གནོན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་དང། ཞི་བའི་སྒོ་ནས་བོད་མིའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དངོས་དོན་རྟོག་ཞིབ་ཆེད་འཕྲལ་དུ་ཞིབ་འཇུག་མི་སྣ་གཏོང་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་རང་དབང་གི་སྒོ་ནས་བོད་ནང་གསར་འགོད་མི་སྣ་འགྲོ་བསྐྱོད་ཐུབ་པའི་རེ་འདུན་འདོན་རྒྱུ་ཡིན་ཞེས་སྙན་སྒྲོན་ཞུས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་དེ་རིང་ཉིན་འཁྱོངས་སྨྱུང་གནས་བཞུགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད།

དེ་བཞིན་དུ་དེ་རིང་སྤྱི་ལྷན་གྱིས་སྣེ་ཁྲིད་དེ་རྒྱ་བལ་གཉིས་ཀྱི་གཞིས་སྒར་གྲངས་ ༣༦ ནས་ཆེད་བཅར་གནང་བའི་མང་ཚོགས་ ༣༠༠༠ ཙམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྔ་དྲོ་ཆུ་ཚོད་ ༩ ཐོག་རཱཇ་གྷཊ་རུ་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། སྔ་དྲོ་ཆུ་ཚོད་ ༡༠ ཐོག་གྲྭ་བཙུན་གྱིས་རུ་སྣེ་དྲངས་ཏེ་རཱཇ་གྷཌ་ནས་ཇན་ཏར་མན་ཏར་བར་ཞི་བའི་གོམ་བགྲོད་གནང་མཐར་ས་དེར་ཉིན་འཁྱོངས་སྨྱུང་གནས་དང་སྨོན་ལམ་གསུང་འདོན་འགོ་འཛུགས་གནང་ཡོད།

དེ་རིང་བོད་མི་གནས་ཡུལ་འཛམ་གླིང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཡོངས་ནས་སྨོན་ལམ་གསུང་འདོན་སོགས་ཀྱི་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་བཞིན་ཡོད་པ་བཅས།།