༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའམ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བསྟན་འཛིན་དགེ་འདུན་ཡེ་ཤེས་ཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་བསྟན་འགྲོ་སྤྱི་དང་ཡང་སྒོས་གངས་ཅན་སྐྱེ་འགྲོའི་ཕན་བདེའི་སླད་དུ་སྐུ་མཚན་དཔེ་མངོན་པར་བཞད་ནས་མི་ལོ་ཉེར་ལྔ་འཁོར་བའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ༸ཀུན་གཟིགས་སྐུ་ཕྲེང་གོང་མ་རྣམས་ཀྱི་རླབས་ཆེན་རྣམ་ཐར་འཕྲོ་མཐུད་མཇུག་སྐྱོང་སླད། སྐུ་དཀྱིལ་གསལ་ཐང་ངང་གསན་བསམ་སློབ་གཉེར་ལ་གེགས་དང་བར་ཆད་མི་འབྱུང་བར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན།

གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་རྒྱལ་བ་པཎ་ཆེན་ཞེས་གངས་རིའི་ལྗོངས་འདིར་ཡོངས་སུ་གྲགས་པ་ལྟར། དེ་རིང་ང་ཚོས་གངས་རིའི་ལྗོངས་ཀྱི་མཆོག་སྤྲུལ་ཟླ་བ་གཞོན་ནུ་གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་སྐབས་འདིར། མགོན་པོ་མཆོག་རྒྱ་ནག་དབང་འཛིན་པས་ཡབ་ཡུམ་ལྷན་བཙན་ཁྲིད་ཀྱིས་གར་ཡོད་ཆ་མེད་དུ་གྱུར་ཏེ་མི་ལོ་ ༡༩ འཁོར་ལ་ཉེ་བ་ཡོད། ཆོས་ལུགས་དགྲར་འཛིན་པའི་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནའི་ཆེད་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་དད་འདུན་རྩེ་གཅིག་ཏུ་ཡོད་པའི་བོད་རིགས་མི་མང་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཡོད་པའི་བོད་ཀྱི་གྲོགས་པོ་བཅས་པའི་སེམས་ཚོར་ལ་ལྟོས་མེད་དང་། འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སྲོལ་རྒྱུན་ལ་སྣང་མེད་ཀྱི་བྱ་སྤྱོད་འདིར་ཚོར་ཤུགས་དྲག་པོས་སྐྱོན་བརྗོད་དང་སྦྲགས། ཀུན་གཟིགས་སྣང་བ་མཐའ་ཡས་དང་། ཁོང་གི་ཡབ་ཡུམ་རྣམས་འཕྲལ་དུ་གློད་གྲོལ་ཐོག གང་གི་སྐྱོང་ཡུལ་གངས་ཅན་ལྗོངས་སུ་སྐུ་ཕྲེང་གོང་མ་ན་རིམ་གྱི་མཛད་རྣམ་འཕྲོ་སྐྱོང་རང་དབང་ངང་བཞེས་ཐུབ་པ་དགོས་རྒྱུ་རྒྱ་ནག་དབང་འཛིན་པར་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་རྒྱལ་ལོ་ ༢༡༢༢ ཟླ་ ༣ ཚེས་ ༡༥ ཕྱི་ལོ་ ༡༩༩༥ ཟླ་ ༥ ཕྱི་ཚེས་ ༡༤ ཉིན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། གངས་ལྗོངས་ལྷ་མི་ཡོངས་ཀྱི་མགོན་སྐྱབས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་ཕོ་བྲང་གི་ཚོམས་ཆེན་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་གཟབ་རྒྱས་དང་འབྲེལ། བོད་ཤིང་ཕག་ཟླ་བ་ ༣ པའི་ཚེས་ ༡༥ ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ལྷ་རི་རྫོང་ཁོངས་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་དང་། མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་ཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་བའི་བཀའ་ཁྱབ་དང་། ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་མ། བཀའ་ཡིག་སྦུག་དམ་འབྱར་མ་བཅས་དུས་གཅིག་ཏུ་བསྩལ་ཡོད།

 

འདི་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་རྒྱུན་སྲོལ་ལས་གྲུབ་པའི་བླ་ན་མེད་པའི་སྐུ་དབང་དང་། རྒྱལ་མཆོག་ཡབ་སྲས་རྣམ་གཉིས་སྐུ་ཡི་ཕྲེང་བ་རིམ་པར་ཕན་ཚུན་ཡང་སྲིད་ངོས་འཛིན་མཛད་རེས་ཀྱི་སྔར་སྲོལ། དད་ལྡན་མང་ཚོགས་ཀྱི་འདོད་འདུན་དང་རེ་ལྟོས་གཞིར་བཟུང་། ཆོས་ཕྱོགས་ཀྱི་ཐུགས་བརྟག་རིམ་པར་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཏེ། གཞིས་བྱེས་བོད་མི་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡོངས་ལ་བཀྲ་ཤིས་དགའ་སྤྲོའི་ལོངས་སྤྱོད་གཞན་འགྲན་མེད་པ་གསོལ་བསྩལ་མཛད་པ་ཞིག་ཡིན།

ཡིན་ནའང་རྒྱ་གཞུང་གིས་འཕྲལ་དུ་ལོ་དེའི་ཟླ་ ༥ ཚེས་ ༡༧ གྱི་མཚན་མོར་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་སོགས་བཙན་འཁྲིད་དང་། དེ་བཞིན་རྒྱ་གཞུང་རང་ནས་ཡང་སྲིད་རྩད་འཚོལ་བར་བསྐོ་གཞག་བྱས་པའི་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་འཛིན་བཟུང་དང་སྦྲགས། ཕྱི་ལོ་ ༡༩༩༥ ཟླ་ ༡༡ པའི་ཚེས་ ༢༩ ཉིན་ལྷ་ལྡན་གཙུག་ལག་ཁང་དུ་གསེར་བུམ་དཀྲུགས་ཏེ་ཁྱེའུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་དུ་ཁྱབ་བསྒྲགས་ཀྱིས་ཧ་ཅང་སྐྱུག་བྲོ་བའི་ཟློས་གར་འཁྲབ་སྟོན་བྱས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའིི་སྒྲིག་འཛུགས། ཨ་རིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ནས་སྔ་ཕྱི་བར་གསུམ་དུ་མཆོག་སྤྲུལ་རིན་པོ་ཆེ་དང་ཡབ་ཡུམ་གློད་གྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་ཀྱང་། རྒྱ་གཞུང་གིས་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཚོ་གཞེས་ཡིན་ལུགས་ཙམ་ལས་ད་ལྟའི་བར་གསལ་བཤད་གང་ཡང་བྱས་མེད།

རྒྱ་ནག་གཞུང་གིས་ཀུན་གཟིགས་རིན་པོ་ཆེ་སྐུ་གོང་མ་ལོ་དགུ་དང་ཟླ་བ་བརྒྱད་རིང་བཙོན་འཇུག་དང་། བཟང་བཙོན་བཀག་བསྐྱིལ་བཅས་སྔ་རྗེས་མི་ལོ་ ༡༤ རིང་སྡུག་སྦྱོང་མནར་གཅོད་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་བཏང་ཡོད་པ་དང་། མཆོག་སྤྲུལ་རིན་པོ་ཆེ་དགུང་ལོ་དྲུག་གི་ཐོག་ནས་བཙན་ཁྲིད་བྱས་ཏེ། ད་བར་མི་ལོ་ ༡༩ ཉེ་བའི་རིང་གར་ཡོད་ཆ་མེད་དུ་གྱུར་ཡོད། ཀུན་གཟིགས་སྐུ་གོང་མ་བཙོན་གྲོལ་ཐོབ་ནས་ལོ་ངོ་བཅུ་ཙམ་རིང་བོད་ཀྱི་ཆོས་དང་རིག་གཞུང་རྨང་ནས་གསོ་བའི་མཛད་ཐབས་རླབས་ཆེན་སྐྱོང་བཞིན་པའི་མུར། དར་མའི་ན་ཚོད་ཐོག་རྒྱུ་མཚན་གསལ་ཆ་མེད་པའི་སྒོ་ནས་གློ་བུར་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་བློ་ཕམ་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། མཆོག་སྤྲུལ་རིན་པོ་ཆེའི་སྐུ་འཕྲོད་གནས་སྟངས་ལ་ཉེ་ཞོ་མི་འབྱུང་བར་ཤོག་ཅེས་ང་ཚོས་གསོལ་འདེབས་ཞུ་རྒྱུ་ལས་ཐབས་ཤེས་གཞན་མེད།

ཡང་སྲིད་ནི་སྐུ་གོང་མའི་མཛད་འཕྲིན་འཕྲོ་སྐྱོང་གི་སླད་དུ་བྱོན་པ་ཞིག་ཡིན་སྟབས། རྒྱ་གཞུང་གིས་རང་གི་དགོས་མཁོ་སྒྲུབ་ཐབས་སུ་རང་སྣང་གང་དྲན་གྱི་བྱེད་སྟངས་ཐ་ཤལ་འདི་རིགས་ཀྱིས་དད་ལྡན་མང་ཚོགས་ཀྱི་སེམས་ངོར་གསོ་ཐབས་མེད་པའི་རྨ་ཁ་བཟོ་གི་ཡོད། མིག་རྒྱང་ཐུང་བའི་རྒྱ་ནག་གི་དབང་འཛིན་པའི་བྱེད་བབ་འདིས་སྲིད་པ་ཆགས་པ་ནས་ཁྱིམ་མཚེས་སུ་གནས་པའི་བོད་རྒྱ་མི་རིགས་དབར་འཁོན་འགྲས་ཀྱི་རྐྱེན་སློང་ལྟ་བུ་ཆགས་པ་ཡིན་ན། དེ་ནི་སྣང་ཆུང་བྱ་ཡུལ་ཞིག་གཏན་ནས་མིན།

བོད་རྒྱ་དབར་དུས་རབས་སྔ་མའི་དཀྱིལ་དུ་གྲོས་མཐུན་དོན་ཚན་ ༡༧ བཞག་སྟེ། ལོ་ངོ་བརྒྱད་ཙམ་རིང་མཉམ་འབྲེལ་གྱི་བརྒྱུད་རིམ་ནང་བོད་འབྱོར་རྒྱ་གཞུང་གི་དཔོན་རིགས་དང་། དབུས་གཞུང་ནས་གྲོས་མཐུན་གྱི་ནང་དོན་བརྡལ་བཤིག་རིམ་པར་བཏང་རྐྱེན། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ཁྲི་བརྒྱད་ཙམ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དུ་སྐྱབས་བཅོལ་ལ་གྱར་དགོས་བྱུང་བ་དང་། ཀུན་གཟིགས་སྐུ་གོང་མ་བོད་ས་སྟོད་སྨད་དུ་ཞབས་ཀྱིས་བཅགས་སྐབས། “ཞི་བའི་བཅིངས་འགྲོལ་”ཟེར་བའི་རྗེས་འབྲས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་གནས་སྟངས་རེ་རེ་བཞིན་བགྲངས་ཏེ། བོད་དང་བོད་མི་འཆི་གསོན་ཆགས་འཇིག་གི་ཛ་དྲག་གི་གནས་ཚུལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ ༡༩༦༢ ལོར་རྒྱ་ནག་དབུས་གཞུང་ལ་འབུལ་གཏོང་མཛད་པ་དེ་མགོན་པོ་གང་གི་ཐུགས་སྟོབས་མཚོན་བྱེད་དུ་ཡོངས་གྲགས་སུ་བགྲང་གི་ཡོད་པ་དང་། དེ་ལས་ཀྱང་བཙོན་གྲོལ་ཐོབ་རྗེས་བོད་ཁམས་ཧྲིལ་པོར་ཆིབས་བསྒྱུར་སྔ་རྗེས་བསྐྱངས་ཏེ། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ཡིག་ཁག་ཏུ་བཀོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་གྱི་དོན་ཚན་ཁག་གཞིར་བཟུང་། བོད་རིགས་ས་ཁུལ་དུ་རང་སྐྱོང་གི་ཁྲིམས་སྲོལ་གཏན་འབེབས་དང་། བསྟན་པ་ཡང་དར་གྱི་མེ་རོ་སླར་གསོ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ། ཡུལ་གོམས་གཤིས་ལུགས་ཉར་སྲུང་། བོད་རིགས་ལས་བྱེད་པའི་ཐོབ་ཐང་རྩོད་ལེན་སོགས་བོད་མིའི་བདེ་རྩའི་ཆེད་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་བག་ཆགས་གཏིང་མཐུག་པའི་རྒྱ་ནག་གི་དབུས་དང་ས་གནས་ཀྱི་འགན་འཁྲི་མི་སྣར་ཞི་དྲག་གི་ཉམས་འགྱུར་ཅི་རིགས་ཀྱི་སྒོ་ནས་འབད་བརྩོན་ལུ་གུ་རྒྱུད་གནང་བའི་རྣམ་ཐར་ནི་སྐུའི་མཛད་འཕྲིན་གྱི་སྙིང་པོ་གལ་ཆེན་ཆགས་ཡོད། མགོན་པོ་གང་ཉིད་བཙོན་ལས་གྲོལ་ཏེ་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་བསྡུས་ཚུལ་བསྟན་པའི་དུས་ཡུན་དེ་ནི་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རིང་བོད་མིའི་བདེ་སྡུག་ལ་བསམ་ཞིབ་བྱ་རྒྱུའི་བཟང་ཕྱོགས་ཀྱི་རྣམ་འགྱུར་ཅུང་ལེགས་པའི་དུས་ཡུན་ཞིག་ཡིན་ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་དང་མཉམ་དུ། དེའང་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཡུད་ཙམ་ནས་རིམ་ཡལ་གྱི་འགོ་བཙུགས་ཡོད།

ཀུན་གཟིགས་སྐུ་གོང་མ་སྐུ་འཚོ་གཞེས་རིང་བོད་ཀྱི་སློབ་གསོ་དང་རིག་གཞུང་གོང་སྤེལ་ལ་དམིགས་པའི་དཔལ་འབྱོར་འདུ་འགོད་ཀྱི་རིགས་ལ་བོད་མི་བསམ་མེད་རེ་ཟུང་ནས་ཚོང་པ་རྒྱགས་པ་ལ་སོགས་བསོད་ཟད་ཀྱི་ཀླན་འཚོལ་བཏབ་པ་དེ་རིགས་མགོན་པོ་གང་གི་མཛད་སྤྱོད་དངོས་ཀྱིས་རེ་རེ་བཞིན་ར་སྤྲོད་གསལ་པོ་མཛད་ཡོད་པ་དང་། ཀུན་གཟིགས་སྐུ་ཕྲེང་དགུ་པ་དང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་དབར་ཐུགས་མཐུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཡིན་ནའང་། སྐབས་དེའི་སྐུ་འཁོར་ལས་སྣེ་འགའ་ཤས་ཀྱི་བྱེད་བབ་ལ་བརྟེན་ནས་ཡོང་མི་དགོས་པའི་དོན་རྐྱེན་རིམ་པར་བྱུང་བ་དེ་རིགས་ལ་ཡིད་གཟབ་བྱེད་དགོས་རྒྱུ་གོ་སྐབས་འདི་བརྒྱུད་ནས་གཞེན་སྐུལ་ཞུ་རྒྱུ་ཡིན།

ཀུན་གཟིགས་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་དབུས་གཞུང་ལ་འབུལ་གཏོང་གནང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནང་། བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་བྱ་བ་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད་ཅེས་འབྲི་གནང་མཛད་ཡོད་པ་དང་། མགོན་པོ་གང་གིས་སྐུ་ཚེ་ཧྲིལ་པོར་དམ་བཅའ་དེ་ཐུགས་དབུས་སུ་བཅངས་ཏེ་བོད་དང་བོད་མིའི་བདེ་རྩ་སྒྲུབ་ཐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་གནང་བ་སོགས་ཡོད་ཚད་བསྟན་འགྲོའི་དོན་དུ་བློས་གཏོང་གི་མཛད་སྤྱོད་ལ་ང་ཚོས་ཉམས་ལེན་བྱ་རྒྱུ་ནི་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་གྱི་མཚོན་དོན་ཉག་ཅིག་དེ་ཆགས་ཡོད་ན། གོ་སྐབས་འདིའི་ཐོག་ནས་བོད་མི་ཡོད་དོ་ཅོག་གིས་དེ་བཞིན་ཅིས་ཀྱང་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་འཚོ་གཞེས་ཡིན་ལུགས་བཤད་བཞིན་ཡོད་པ་ལྟར་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། སྐུ་ཡོན་གསན་བཞེས་ཇི་འདྲ་གནང་གི་ཡོད་མེད་སོགས་བོད་དང་བོད་མི་གཙོས་འཛམ་གླིང་རྒྱལ་ཆེའི་མང་ཚོགས་ཀྱི་མདུན་དུ་གསལ་བཟོ་དགོས་པ་ནི་རྒྱ་གཞུང་གི་ལས་འགན་ཆགས་ཡོད་པ་ལྟར་གོ་སྐབས་འདི་བརྒྱུད་ནས་ནན་བསྐུལ་ཞུ་བཞིན་ཡོད།

མཐའ་དོན་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་ཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་རྒྱའི་བཙོན་འོག་ནས་གློད་གྲོལ་ཐོག གང་གི་སྐྱོང་ཡུལ་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་ཏེ། སྐུ་ཕྲེང་སྔ་མའི་མཛད་པ་འཕྲོ་སྐྱོང་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རྒྱལ་བ་ཡབ་སྲས་ཞལ་འཛོམས་ཀྱི་བཀྲ་ཤིས་ཉིན་མོ་གང་མྱུར་འཆར་བའི་སྨོན་འདུན་ཞུ་རྒྱུ་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༤ ཚེས་ ༢༥ ལ།།

 

Menu