༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་སྐབས་བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ།

༄༅། །དེ་རིང་ཕྱི་ལོ་༢༠༢༥ ཟླ་ ༦ ཚེས་ ༢༩ ཉིན་སྟེ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་ཞོགས་པར་གདན་ས་སྨན་རིའི་གླིང་ནས་ཆིབས་ཐོན་གྱིས་ཉིན་རྒྱབ་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་སྐབས། ཀོང་ར་གསོལ་མགྲོན་ཁང་ (Hotel Grand Raj Kangra) དུ་བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། མདོ་སྨད་ཚོགས་གཞོན་དང་གོ་སྟོན་གོ་སྒྲིག་པ་ཨེམ་རྗེ་པ་སངས་སྟོབས་ཆེན་ལགས་དང་མདོ་སྨད་དབུས་རྒྱུན་དྲུང་ཆེ་དཀར་མོ་བསམ་གཏན་ལགས་བཅས་ཀོང་རར་ཕེབས་བསུར་ཆེད་བཅར་ཞུས་པ་དང་།

དེའི་སྐབས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུག

དེ་ནས་བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་སུ་རི་ཡ་གསོལ་མགྲོན་ཁང་ (Hotel Surya) དུ་ཞབས་སོར་བདེ་བར་འཁོད་གནང་བ་དང་། དེར་ཕེབས་མཚམས་མདོ་སྨད་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་གཙོས་པའི་བླ་སྤྲུལ་དགེ་བཤེས་དང་། ས་གནས་དད་ལྡན་མི་མང་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས།