༧དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། བཀའ་དྲིན་གཏང་རག་གི་མཛད་སྒོ་ཞིག་ཚོགས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་འབངས་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པའི་ལྷ་སྡེ་མི་སྡེ་ཐུན་མོང་ནས་གནས་མཆོག་རྡོ་རྗེ་གདན་དུ་༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། སྡེ་དགེ་དཔལ་ས་སྐྱའི་བརྟན་བཞུགས་གོ་སྒྲིག་ཚོགས་པས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་ཕྱི་དྲོ་བཀའ་དྲིན་གཏང་རག་གི་གསོལ་སྟོན་དང་། རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོ་ཞིག་ཚོགས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།


སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཕུན་སུམ་ཚོགས་པ་སྣ་ལྡན་གྱི་དུས་ཚོད་འདི་ལྟ་བུའི་མཐུན་རྐྱེན་དང་། གོ་སྐབས་ཡོང་རྒྱུ་གཙོ་བོ་གཅིག་དེ། ད་རེས་བརྩེ་ཆེན་ས་སྐྱ་པའི་རྗེས་འཇུག་སྡེ་དགེ་ལྷ་སྡེ་མི་སྡེ་ཡོངས་ནས་སྒོ་གསུམ་འབད་པ་ཆེན་པོས་༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་བརྟན་བཞུགས་ཟབ་རྒྱས་ཕུལ་བ་ལས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་བའི་བརྟན་ཞུགས་ཕུལ་ཡ་དེ། ང་ཚོ་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། རྒྱུད་སྡེ་ནང་ལོགས་ལ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྡེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པ་དང་། དེ་བཞིན་མདོ་ཕྱོགས་ནས། ལེགས་པ་ཐམས་ཅད་སྟོན་པའི་ཕྱིར། །དགེ་བའི་བཤེས་གཉེན་ཕ་དང་འདྲ། །ཉེས་པ་ཐམས་ཅད་བཟློག་པའི་ཕྱིར། །དགེ་བའི་བཤེས་གཉེན་མ་དང་འདྲ། ། མ་རིག་མུན་པ་སེལ་བའི་ཕྱིར། །དགེ་བའི་བཤེས་གཉེན་སྒྲོན་མེ་འདྲ། ། ཞེས་གསུངས་པ་ལྟར། སོ་སོའི་རྩ་བའི་བླ་མ་ལ་སྒོ་གསུམ་གུས་པས་ཕྱག་བྱས་ནས་མཆོད་པ་དང་། ལུས་ངག་གི་བཀུར་བསྟི་དང་རིམ་གྲོ་ཡིན་ནའང་འདྲ། མཐའ་མ་ཟང་ཟིང་འབུལ་བ་ཡིན་ནའང་འདྲ། དེ་རིང་བརྩེ་ཆེན་༧དཔལ་ས་སྐྱ་པའི་རྗེས་འཇུག་སྡེ་དགེ་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་ཞུགས་ཕུལ་བ་འདིའི་ཐོག་ནས་བླ་མ་མཉེས་པའི་རྒྱུ་གསུམ་འདྲ་པོ་ཚང་འཛོམས་བྱུང་སོང་བསམ་པའི་ཚོར་སྣང་བྱུང་། ཁོང་རྣམ་པས་འབད་པ་ཆེན་པོའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་དགོན་སྡེ་ཁག་ནས་དགེ་སྒྲུབ་སྡིག་སྤངས་ཀྱི་སྒྲུབ་ཐོ་དེ་འདྲ་ཕུལ་འདུག་པར་ཧ་ལས་པའི་ཡག་པོ་བྱུང་འདུག དེ་ནི་རབ་སྒྲུབ་པའི་མཆོད་པ་དང་། དེ་བཞིན་ལུས་ངག་གི་བཀུར་བསྟི་དང་རིམ་གྲོ་གནང་རྒྱུ་དེ་རེད། གནས་མཆོག་རྡོ་རྗེ་གདན་ལྟ་བུ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བསྟན་ས་དེ་བཞིན་ནང་པའི་གནས་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་རེད། ཡིན་ནའང་རྒྱུན་དུ་གཏན་སྡོད་མེད་པ་ད་ལྟའི་དུས་ཚོད་ཟླ་གྲངས་འགའ་ཤས་ཆགས་ཀྱི་ཡོད་རེད། རྣམ་པ་ཚོ་ཚང་མ་ས་ཐག་རིང་པོ་ནས་འདིར་ཕེབས་ནས་སོ་སོའི་ངོས་ནས་སེར་སྣ་མ་བྱས་པའི་ཐོག་ནས་དངོས་པོ་མང་པོ་ཞིག་བླ་མ་མཉེས་པར་བྱ་བར་ཕུལ་འདུག་པས། བླ་མ་མཉེས་པར་བྱ་བའི་རྒྱུ་གསུམ་ཚང་འདུག་ཅེས་ཞུ་རྒྱུ་དང་། དེ་དང་འབྲེལ་ནས་སྡེ་དགེ་ལྷ་སྡེ་མི་སྡེ་ཡོངས་ལ་དམིགས་བསལ་གྱི་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༧དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནི་བསྟན་པ་སྤྱི་དང་། བྱེ་བྲག་ལ་ཧ་ལས་པའི་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེ་རིང་ཞུས་ན་ཕྱོགས་གཅིག་ནས་བརྗོད་པ་ཚིག་གིས་མི་འདང་བའི་གནས་སྟངས་ལྟ་བུ་ཆགས་བསྡད་ཡོད་རེད། ད་ལྟ་དུས་ཚོད་ཉག་ཕྲ་བའི་སྐབས་འདིར་༧སྐྱབས་མགོན་རྣམ་པའི་མཛད་འཕྲིན་ལ་བརྟེན་ནས་ཆོས་དང་། ཆབ་སྲིད་གང་གི་ཐད་ནས་མི་རིགས་གཞན་དང་འདྲ་མཉམ་ཐོག་འགྲོ་ཐུབ་པའི་གནས་སྟངས་འདྲ་པོ་ཆགས་ཐུབ་ཡོད་རེད། དེ་རིང་དགོང་མོའི་མཛད་སྒོའི་ཐོག་མི་འདྲ་ཞིག་ནི། རྒྱལ་ཡུམ་ཆེན་མོ་མཆོག་ལ་སྡེ་དགེ་ལྷ་སྡེ་མི་སྡེ་ཡོངས་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་དང་། གོང་དུ་གཟེངས་རྟགས་འབུལ་སྐབས་འགྲེལ་བཤད་ཞུ་མཁན་ངོས་ནས་རྒྱལ་ཡུམ་ཆེན་མོའི་ཐུགས་གཤིས་དང་། དགོངས་པ་བཞེས་ཕྱོགས་སོགས་དམིགས་བསལ་ལས་སྨོན་གྱི་འབྲེལ་བ་ཡོད་བསྡད་པ་དེ་འདྲ་གསུངས་སོང་། ང་ཚོ་བོད་ཀྱི་གཏམ་དཔེར་གཡང་རྩེའི་སྒང་ལ་ཡས་སྒྲོན་ཟེར་བ་ལྟར། རྒྱལ་ཡུམ་ཆེན་མོར་གཟེངས་རྟགས་ཕུལ་བ་དེ་བཞིན་ཧ་ཅང་ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་ཡིན།

རྒྱལ་ཡུམ་ཆེན་མོ་ནས་འཁྲུངས་པའི་༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་དང་། ཁྲི་འཛིན་ཞེ་གསུམ་པ་བསྟན་པའི་གཙུག་རྒྱན་དང་། མཛད་ཆེན་རླབས་པོ་ཆེ་ཆགས་བསྡད་ཡོད་པ་དང་། དེ་གཅིག་པུའི་ཐོག་ལ་བསམ་བློ་བཏང་བ་ཡིན་ནའང་། བཀའ་དྲིན་གསབ་མི་ཐུབ་པ་ལྟ་བུ་ཆགས་བསྡད་ཡོད་རེད། རྣམ་པ་ཚོས་དེ་ངོས་འཛིན་བྱས་པའི་ཐོག་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་དེ་བཞིན་ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་དང་། རྒྱལ་ཡུམ་ཆེན་མོ་སྐུ་ཚེ་ཡུན་དུ་བརྟན་པ་དང་། མ་འོངས་པར་༧དཔལ་ས་སྐྱ་པའི་བསྟན་སྲིད་ཀྱི་གྲོགས་སུ་གྱུར་བའི་སྨོན་འདུན་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་བསྟན་འཛིན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བུ་ལྟ་བུ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །