འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༡༢་༢་༩ མཚན་གུང་བོད་ནང་གི་ཆུ་ཚོད་དང་པོ་ཙམ་ལ་དྲག་ཆས་དམག་མི་ཕོན་ཆེན་ས་གནས་གྲོང་སྡེ། དཀྲོ་པ་ལུང་པ་དང་། སྒ་ལྟག རྒྱས་རྒྱོང་སྒང་གསུམ་དུ་བགོས་ཏེ་ཞི་རྒོལ་བ་ཡེ་ཤེས་རིག་གསལ་སོགས་གསོད་རྡུང་བྱེད་དུ་སླེབསཏེ། ཉིན་དེའི་ཞོགས་པར་རྒྱ་དམག་གིས་ཡེ་ཤེས་རིག་གསལ་ཁྱིམ་ཚང་གི་དགུན་ཁང་ (འབྲོག་སར་ཡོད་པའི་དགུན་ཁར་སྡོད་སའི་ཁང་པ་) གི་མཐའ་སྐོར་བྱས་པ་དང་། སྐབས་དེར་ཁོང་ཚོའི་ནང་མི་ཞིག་ཕྱིར་ཐོན་སྐབས་ཉེ་འགྲམ་དུ་དམག་མིས་སྐོར་བཞིན་པ་མཐོང་འདུག དེ་མ་ཐག་ཁོ་ནང་དུ་རྒྱུགས་ཏེ་ནང་མི་རྣམས་ལ་བརྡ་ལན་སྤྲད་འདུག འོན་ཀྱང་ཁོམ་ལོང་མེད་པར་ཁང་པའི་ཕྱི་ནས་མེ་མདས་དྲག་ཆར་ཕབ་སྟེ། ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་འགྲུབ་གཉིས་རིམ་བཞིན་དམར་གསོད་བཏང་བ་དང་། སྤུན་ཡོན་ཏན་བཟང་པོ་དང་། ལོ་ན་རྒན་པའི་ཨ་མ་སངས་ལྷ་གཉིས་ཀྱི་སྐེེ་དང་ལག་པར་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། ཡོན་ཏན་བཟང་པོའི་བུ་མོ་ཆུང་ཆུང་གསུམ་དང་། དྭ་ཕྲུག་བུ་མོ་ཆུང་ཆུང་གཉིས་ཡོད་པ་བཅས་ལྔ་ལ་ཡང་རྨས་སྐྱོན་ཕོག་འདུག དྲག་ཆས་རྒྱ་དམག་གིས་མེ་མདས་གང་བྱུང་གཙགས་ཏེ་ཁང་པའི་ཕྱོགས་ཡོངས་ལ་གཏོར་སྐྱོན་བཏང་མཐར་ཁང་པའི་སྒོ་གཏོར་ནས་ནང་དུ་ཐོན་ཅིང་། ཡེ་ཤེས་བསམ་འགྲུབ་ཀྱི་བཟའ་ཟླ་རྣམ་སྒྲོན་གྱིས་རང་གི་བུ་ཕྲུག་བཞི་མནན་ཏེ་ཁང་པའི་ཟུར་ཞིག་ཏུ་ཡིབ་ནས་ཡོད་པར་ལག་ལྕགས་བརྒྱབ་སྟེ་ཕྱི་ལོགས་སུ་བསྡམས། ཁང་པའི་ཕྱི་ནང་དང་ཐ་ན་བང་གདན་ཡན་ཆད་བཀོག་སྟེ་བསྔོག་བཤེར་བྱས་ཤིང་། ཁོ་ཚོའི་ནང་དུ་རྒྱ་སྒོར་དྲུག་སྟོང་ཉིས་བརྒྱ་ཡོད་པ་དེ་དང་། རྩ་ཆེའི་གསེར་སྐུ་ཞིག་ཡོད་པ་བཙན་ཕྲོགས་བྱས་པར་མ་ཟད། སྦག་སྦག་གསུམ་ཡོད་པ་དེ་ཡང་མེར་བསྲེགས་བཏང་འདུག ཐ་ན་སྒོ་ཁྱི་ཡན་ཆད་མེ་མདས་བསད་ཅིང་ཁྱི་བསད་པའི་རོ་ཡང་མ་བཞག་པར་ཁྱེར་འདུག རྒྱ་དམག་ཚོས་ཚད་ལས་བརྒལ་བའི་བརྙེས་བཅོས་ཀྱིས་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་འགྲུབ་གཉིས་ཀྱི་སྐུ་ཕུང་གི་སྐེ་ལ་ཐག་པ་བསྐོན་ནས་འབྲོག་སའི་རི་གདོང་ནས་མར་འདྲུད་པ་སོགས་དངོས་སུ་མཐོང་འདུག ཡོན་ཏན་བཟང་པོའི་སྐེ་ལ་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཧ་ཅང་ལྕི་ནའང་རྫོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཅིང་ཉེས་རྡུང་ཚད་མེད་བཏང་སྟེ་ཁ་ནས་ཁྲག་ལིང་དམར་ལྷོག་ལྷོག་སྐྱུག་བཞིན་ཡོད་པ་ཉེ་འཁོར་མི་རྣམས་ཀྱིས་དངོས་སུ་མཐོང་བ་ཡང་བྱུང་འདུག ཡེ་ཤེས་རིག་གསལ་སྤུན་གསུམ་གྱི་མ་སངས་ལྷ་དང་། རྨས་སྐྱོན་ཕོག་པའི་བུ་མོ་ཆུང་ཆུང་ལྔ་བཅས་ད་སྐབས་དཀར་མཛེས་སྨན་ཁང་དུ་ཡོད་ཀྱང་། མ་སངས་ལྷའི་ལག་པ་གཡོན་པའི་ལག་མགོ་གཅོད་དགོས་བྱུང་འདུག རང་ལོ་ ༧༡ ཡིན་པའི་ཁོང་ཚོའི་ཁྱིམ་ཚང་གི་ཕ་དགའ་རབ་ཉི་མ་སྐབས་དེར་འབྲོག་སར་མེད་པས་རྨས་སྐྱོན་སོགས་བྱུང་མེད་ནའང་། ད་ལྟའི་ཆར་སྙིང་རླུང་འཕར་ནས་སྨན་ཁང་དུ་ལུས་ཡོད་འདུག
ཡང་གོང་ཚེས་ཉིན་དྲག་དམག་ཤོག་ཁག་གཅིག་གིས་རི་སྒང་དུ་ཞི་རྒོལ་བ་མྱུལ་བཞིན་པའི་སྐབས་རང་ལོ་ ༤༠ ཡས་མས་ཀྱི་བྲག་མགོ་དགོན་པའི་གྲྭ་ཚེ་རིང་རྒྱལ་མཚན་རྒྱ་དམག་གི་ལག་ཏུ་ཐེབས་ཅིང་། ཉེས་རྡུང་ཚད་མེད་བཏང་སྟེ་སྒལ་ཚིགས་གཏོར་ཡོད་པ་དང་། ད་སྐབས་ཁོང་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་། ཤི་གསོན་ཅི་བྱུང་སོགས་གནས་ཚུལ་གསལ་པོ་ད་ལྟའང་ཤེས་རྟོགས་མི་ཐུབ། དངོས་བདེན་གྱི་གནས་ཚུལ་འདི་དག་གི་སྟེང་ནས་རྒྱ་གཞུང་གིས་རྒྱུན་དུ་རྫུན་སྒྲིག་བྱེད་བཞིན་པའི་ཚད་ལས་བརྒལ་བའི་བྱ་སྤྱོད་རྣམས་དམར་རྗེན་དུ་ཕྱི་ལ་ཐོན་ཡོད་པར་མ་ཟད་གུང་ཁྲན་ཏང་གིས་ཕྱི་ནང་མི་མཐུན་པའི་རྫུན་གཡོ་རྣམས་ཅི་འདྲའི་གདུག་རྩུབ་ཆེ་བར་ཡང་གནས་སྟངས་འདིའི་ཐོག་ནས་འཛམ་གླིང་མི་མང་ཡོངས་ལ་ར་སྤྲོད་གསལ་པོར་བྱས་ཡོད།
ཕྱི་ལོ་༢༠༡༢ཟླ་༣པའི་ཚེས་༢ཉིན་གསར་ཏུ་ཤེས་རྟོགས་བྱུང་དོན་ལ་ད་སྐབས་བྲག་མགོ་རུ་རྒྱ་དམག་འབོར་ཆེན་འབྱོར་ནས་མང་ཚོགས་ལ་དམ་དྲག་ཤུགས་ཆེ་དང་། ཁ་སྔོན་ཞི་རྒོལ་ནང་ཡོད་པ་རྣམས་འཇུ་བཟུང་བྱེད་མུས་ཡིན་པ་དང་། དེང་སང་བོད་མི་རྣམས་གང་བྱུང་ཡར་མར་འགྲོ་མི་ཆོག་པ་དང་། གཞུང་ལམ་གང་ས་ནས་དམག་གིས་བོད་མི་ལ་རྡུང་རྡེག་དང་། གང་བྱུང་འཇུ་བཟུང་བྱེད་པའི་བྱ་སྤྱོད་ངན་པ་སྤེལ་གནས་ཡོད་པ་དང་། ས་ཆ་མང་པོར་དམག་སྒར་རྒྱབ་པ་དང་། བྲག་མགོ་དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཚོགས་འདུ་བསྐོངས་ནས་དགོན་པའི་ལས་སྣེ་དང་མང་ཚོགས་ལ་དཀའ་སྡུག་འཕྲད་བཞིན་ཡོད་འདུག འོན་ཀྱང་རྒྱ་གཞུང་གིས་དྲག་གནོན་དང་སློབ་གསོའི་ཚོགས་འདུའི་མཚོན་ལས་འགུལ་ཇི་ལྟར་སྤེལ་ཡང་བོད་མི་ཚོས་སྙིང་སྟོབས་ཞུམ་མེད་ཀྱིས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་འདྲ་མིན་བསྟན་པར་མ་ཟད། རྒྱ་གཞུང་གིས་ཆེད་སྒྲིག་མི་སྣ་གྲོང་ཚོ་ཁག་ཏུ་ཡོང་ནས་གཞུང་གི་བྱམས་སྐྱོངས་ཟེར་བའི་འོག་བདེ་སྐྱིད་ཇི་ལྟར་ལྡན་ཚུལ་སོགས་བསམ་འཆར་བསྡུ་ཁུལ་བྱས་པར། བོད་མི་རྒན་པོ་ཁག་གཅིག་གིས་ང་ཚོ་ལོ་ན་འདིར་སླེབས་ཀྱང་། ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་ངན་པ་འདི་འདྲ་དེ་སྔོན་གོ་མྱོང་མེད་པ་དང་། ད་རེས་དངོས་སུ་མཐོང་བ་ཐེངས་དང་པོ་ཡིན་ཅེས་ལན་བཏབ་ཡོད་འདུག
རྒྱ་གཞུང་གིས་བྲག་མགོའི་མཚོན་བོད་ས་གང་སར་སྨྱོ་བ་ལྟར་བོད་མི་རྣམས་གང་བྱུང་འཇུ་བཟུང་བྱེད་པ་དང་། དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོ་རྒོལ་ཐ་གཅིག་ཏུ་བྱ་རྒྱུ་མ་ཟད། རྒྱ་ནག་འགོ་ཁྲིད་ཚོས་བོད་ནང་དྲག་གནོན་མཚམས་འཇོག་དང་། བོད་ཀྱི་དཀའ་རྙོག་སེལ་བར་བོད་མིའི་སྐུ་ཚབ་མཉམ་འཕྲལ་མར་གྲོས་མོལ་བྱ་དགོས་པ་དང་། ལྷག་པར་དྲང་བདེན་ལ་བདེན་རྒྱབ་གནང་མཁན་རྒྱལ་སྤྱིའི་དབུ་ཁྲིད་ཚོས་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། བོད་ཀྱི་ད་ལྟའི་ཛ་དྲག་དཀའ་ངལ་འཕྲལ་མར་སེལ་ཐབས་དང་། བོད་མིའི་བདེན་པའི་འཐབ་རྩོད་ལ་དགོས་ངེས་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཤུགས་དྲག་ཆེན་པོས་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ལ།