སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༢༡ ནས་ ༢༥ བར་ཉིན་གྲངས་བཞིའི་རིང་ཀ་སྦུག་ས་གནས་གཙོས་པའི་ཉེ་འཁོར་བོད་མིའི་སྡོད་གནས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༢༥ ནས་ ༢༦ བར་ཉིན་གཉིས་རིང་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་གཟིགས་སྐོར་ཕེབས་ཡོད་པ་རེད། ཀ་སྦུག་ཁུལ་དུ་ལས་རིམ་སྐྱོང་སྐབས། ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས་དང་། ས་འཐུས་ཚོགས་གཙོ་ཚེ་རིང་ཆོས་རྒྱལ་ལགས་རྣམ་གཉིས་མཉམ་བཅར་ཞུས་འདུག

དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༠༠ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ཀ་སྦུག་ནས་ར་ཝང་ལ་དང་། སྒང་ཏོག་ཕྱོགས་སུ་ཕེབས་ཐོན་གནང་ཞིང་། ལམ་བར་དུ་བསམ་གྲུབ་ཚལ་དང་། (Temi Tea Garden) ལ་གཟིགས་སྐོར་དུ་ཕེབས་པ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། དེ་གའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་སོགས་ནས་ཕེབས་བསུ་ཞུས་གནང་འདུག

དེ་རྗེས། ཏ་ཐཱ་ག་ཏའི་སྐྱེད་མོས་ཚལ་ (Tathagata Tsai, Buddha Park) ལ་གནས་གཟིགས་དང་། དེ་བཞིན་གཡུང་དྲུང་ཀུན་གྲགས་གླིང་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་། སཾ་བྷོ་ཊའི་སློབ་གྲྭ། ས་གནས་འཐུས་ཚོགས་ཚོགས་ཁང་། ས་གནས་མཉམ་འབྲེས་ལས་ཁང་། ས་གནས་རང་ཚོགས། ས་གནས་འཕྲོད་བསྟེན་སྨན་ཁང་། ལེ་ལོང་གཉག་སྟོན་དགོན་པ། ས་འགོ་ལས་ཁུངས་བཅས་སུ་གཟིགས་སྐོར་ཕེབས་རྗེས།

ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་མི་མང་རྣམས་ལ་གསུང་བཤད་གནང་ཞིང་། དེ་ཡང་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཡོངས་ཀྱི་གནས་བབ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་དང་། མི་མང་གི་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ར་ལང་གདན་ས་དཔལ་ཆེན་ཆོས་གླིང་དགོན་དུ་གནས་མཇལ་ཕེབས་ཏེ། ར་ཝང་ལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་གྲུབ་པ་དང་། དེ་ནས་སྒང་ཏོག་ལ་ཕེབས་ཐོན་གནང་ཡོད་པ་བཅས།