༄༅། སྤྱི་འཐུས་སྐབས་ ༡༦ པའི་ཚོགས་དུས་ ༡ པོ་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣ ཉིན་གྱི་གྲོས་ཚོགས་ལས་ཉིན་གསུམ་པའི་ལས་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༩ པའི་ཐད་མུ་མཐུད་བགྲོ་གླེང་གནང་། སྐབས་དེར་ཐོག་མར་སྤྱི་འཐུས་ ༡༠ ཡིས་ཆ་ཤས་བཞེས་པ་དང་། དེ་ནས་ཚོུད་ ༡༡ གི་གསོལ་ཇའི་བར་གསེང་རྗེས་སུ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྔོན་དུ་བཀའ་བློན་འདེམས་ཐོན་དུ་ཡོད་པའི་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་བློན་དུ་ལོ་གྲངས་ཀྱི་ཆ་ནས་འོས་ཆོས་ཚང་མིན་ལ་བརྟེན། ཕྱིར་འཐེན་བྱུང་གནས་གསལ་བསྒྲགས་གནང་། དེའི་ཐོག་སྤྱི་འཐུས་གྲངས་ ༨ ཀྱིས་གོ་བསྡུར་གནང་། ཕྱི་དྲོ་ཚོུད་ ༡་༣༠ ཐོག་སླར་ཚང་འཛོམས་ཀྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གཅིག་གི་འོས་བསྡུ་ཞུས་ཏེ། དྭགས་པོ་སྐལ་བཟང་གཡུ་སྒྲོན་ལགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིའི་ས་མིག་ཏུ་མང་མོས་འོས་ཐོན་བྱུང་། དེ་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༩ པའི་ཐོག་བགྲོ་གླེང་མུ་མཐུད་དུ་སྤྱི་འཐུས་གྲངས་ ༣ དང་། དཔལ་ལྡན་སྲིད་སྐྱོང་གིས་དེའི་ཐད་སྐབས་འབྲེལ་གསལ་བཤད་གནང་ཞིང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེའི་ཐད་སྔོན་ནས་བགྲོ་གླེང་བྱུང་བར་དབུས་འོས་བསྡུ་ལས་ཁང་གི་གསལ་བཤད་ཀྱི་ཡིག་ཆ་ཞིག་སྙན་སྒྲོན་ཞུས་གནང་ཡོད། གསོལ་ཇའི་བར་གསེང་རྗེས་ཆུ་ཚོད་ ༣་༡༥ ཐོག་བགྲོ་གླེང་གོ་སྐབས་གནང་བར་སྤྱི་འཐུས་གྲངས་ ༩ དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་རྗེས། ཚོགས་དྲུང་ནས་གྲོས་ཚོགས་ཀྱི་དགོངས་ཤོག་ཁག་སྙན་སྒྲོན་གནང་བ་དང་། ཚོགས་གཙོ་མཆོག་གིས་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་གནང་སྟེ། སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་གྲོལ་བའི་གསལ་བསྒྲགས་གནང་ནས་གྲོས་ཚོགས་རེ་ཞིག་གྲོལ་བའི་གནས་ཚུལ་དུ།།

Menu