༄༅། སྤྱི་འཐུས་སྐབས་ ༡༥ པའི་ཚོགས་དུས་ ༡༡ པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་གྱི་ལས་རིམ་བཀའ་བསྡུར།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བཅུ་པ་འགྲོ་བཞིན་པ།
སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བཅུ་པ་འགྲོ་བཞིན་པ།

སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གྲོས་ཚོགས་ལྷན་འཛོམས་གནང་རྗེས་རྩིས་ལོ་ ༢༠༡༥་་་༡༦ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་ཡིག་ཆ་ཨང་ ༣༠ པ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྒྲོག་བྱང་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། རྩིས་ལོ་ ༢༠༡༦་་་༡༧ ལོའི་གཏོང་ལེན་ཁྲིམས་ཡིག་ཡིག་ཆ་ཨང་ ༣༡ པ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྒྲོག་བྱང་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱབ་སྐྱོར་གནང་སྟེ་གཏོང་ལེན་ཁྲིམས་ཡིག་དེ་བཞིན་སྤྱི་མོས་ཀྱིས་གཏན་ལ་ཕབ། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་དེ་སྔ་བཀའ་ཤག་གི་གསལ་བཤད་ཕེབས་པའི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་གངས་ལྷ་མོ་ལགས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་དང་། སྤྱི་འཐུས་བློ་བཟང་སྙན་གྲགས་ལགས། གཞན་ཡང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་བོུ་ཚེ་རིང་ལགས། སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དྲི་བ་དྲིས་ལན་བརྒྱུད་བགྲོ་གླེང་དུ་ཆ་ཤས་བཞེས་གནང་། དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་གསལ་བཤད་ཅིག་གནང་བ་དང་། དེ་གྲུབ་རྗེས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༢ པ་སྙན་སྒྲོན་གནང་བ་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་སྟེ་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཉིས་ནས་བགྲོ་གླེང་དུ་དགོངས་ཚུལ་གསུངས་ནས་གཏན་འབེབས་གནང་། དེ་ནས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཡིག་ཆ་ཨང་ ༣༣ པ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དང་། ཡིག་ཆ་ཨང་ ༣༤ པ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༣༥ པ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བཅས་ཀྱི་ཐོག་བརྗོད་པ་གསུམ་པ་གནང་བ་དང་། དེ་རྣམས་ལ་བགྲོ་གླེང་ཟིན་རྗེས་སྒྲིག་གཞི་བསྐྱར་བཅོས་ཀྱི་ཚིག་བརྗོད་བསྐྱར་བཅོས་གནང་བ་ཁག་སྤྱི་མོས་ཀྱིས་གཏན་ལ་ཕབ། དེ་ནས་སྤྱི་འཐུས་སྒེར་གྱི་གསལ་བཤད་དུ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་རང་གི་དགོངས་ཚུལ་ཕེབས་པ་བཅས་ཀྱི་ལས་རིམ་ལོ་རྒྱུས་སྙིང་བསྡུས་སུ།།

Menu