༄༅། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་རྡུལ་ཀ་ལམ་མཆོག་གློ་བུར་དགོངས་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོའི་འཚམས་འཕྲིན་ཕུལ་བ།

ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་རྡུལ་ཀ་ལམ་མཆོག་གློ་བུར་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་སྤྱི་འཐུས་ལྷན་ཁང་གི་ངོས་ནས་བོད་མི་ཚང་མའི་ཚབ་ཞུས་ཏེ་ཤིན་ཏུ་བློ་ཕམ་བྱུང་བའི་ཐུགས་གསོའི་འཚམས་འཕྲིན་ཞིག་སྲིད་ཟུར་དམ་པ་མཆོག་གི་གཅེན་པོ་སྐུ་ཞབས་ APJ Maratayer མཆོག་གི་མཚན་ཐོག་འབུལ་ལམ་ཞུས་ཡོད་པ་རེད། ཐུགས་གསོའི་འཚམས་འཕྲིན་ནང་། དམ་པ་ཁོང་ནི་རྒྱ་གར་གྱི་ཚན་རིག་མཁས་པ་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་ཚན་རིག་ཡར་རྒྱས་རིམ་པ་གསར་པ་ཞིག་ལ་བཀྲི་བར་མཛད་མཁན་ཞིག་ཡིན། ཕྱིས་སུ་རྒྱ་གར་གྱི་སྲིད་འཛིན་ལས་གནས་སུ་ཕེབས་ཏེ་མི་མང་གིས་དགའ་མོས་ཆེན་པོ་ཞུས་ཡོད། ཁོང་ནི་ཤེས་ཡོན་ཆུ་ཚད་མཐོ་བ་དང་། ཐུགས་གཤིས་གཉོམ་ཆུང་བ། རང་གི་སྐུ་ཚེ་ཧྲིལ་པོ་རྒྱལ་ཁབ་ཀྱི་དོན་དུ་གཏོང་གནང་གིས་མི་གྲངས་ས་ཡ་མང་པོར་བློ་སྟོབས་སྤེལ་གནང་མཁན་ཞིག་ཡིན། ལྷག་པར་སློབ་ཕྲུག་རྣམས་ལ་རང་ཉིད་ནང་ཁྱིམ་སྐྱོ་པོ་ཞིག་ནས་ཡིན་རུང་། ཚན་རིག་པ་ཞིག་ཆགས་རྒྱུའི་དམིགས་བསམ་ནམ་ཡང་བློས་མ་བཏང་བར་དེ་དག་སྒྲུབ་ཆེད་རྟག་ཏུ་འབད་བརྩོན་བྱ་དགོས་པའི་མིག་དཔེ་བཟང་པོ་བསྟན་གནང་ཡོད། སྐུ་ཞབས་ཨབ་རྡུལ་ཀ་ལམ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་སྣང་གཤིན་ཅིང་མཇལ་འཕྲད་ཐེངས་ཁ་ཤས་གནང་ཡོད་པ་དང་། སྐབས་དེ་དག་ཏུ་ཚན་རིག་དང་ནང་ཆོས་དབར་གྱི་ཕན་ཚུན་འབྲེལ་བའི་སྐོར་བཀའ་བསྡུར་བགྲོ་གླེང་གནང་བ་དང་། ཁོང་གིས་ནང་ཆོས་ཀྱི་ལྟ་གྲུབ་ལའང་ཐུགས་སྣང་གཏིང་ཟབ་གནང་ཡོད།

 

མདོར་བསྡུས་ན་ད་ལམ་དམ་པ་ཁོང་སྐུ་ཚེ་མ་ཟིན་པ་འདི་རྒྱ་གར་རྒྱལ་ཁབ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུན་ཆེན་པོ་ཆགས་ཡོད། ང་ཚོས་གདུང་སེམས་ཆེན་པོས་མྱ་ངན་གུས་འདུད་དང་། ཁོང་གི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་མ་ཟད། དམ་པ་དེ་ཉིད་ཚེ་རབས་རིམ་བརྒྱུད་བདེ་ནས་བདེ་བར་ཕེབས་པའི་གསོལ་འདེབས་སྨོན་འདུན་ཞུ་རྒྱུ་བཅས་གསལ་ཡོད་པ་རེད།

Menu