ཧི་མ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ནས་ ༡༥ བར་རྡ་ས་ས་ཁུལ་ཉེ་འགྲམ་དུ་ཡོད་པའི་ Tapovan རུ་ཚོགས་པར་སྔར་ལམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་འཚམས་འདྲི་དང་འབྲེལ་བ་དམ་ཟབ་ཡོང་སླད་གསོལ་ཇ་དང་གསོལ་ཚིགས་འདེགས་འབུལ་གནང་སྲོལ་ཡོད་པ་ལྟར།ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Dr. Rajeev Bindal མཆོག་ནས་འདི་ལོ་ཡང་གྲོས་ཚོགས་འཐུས་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུའི་ཆེད་རེ་བསྐུལ་ཞུས་པ་བཞིན་འདི་ཟླའི་ཚེས་ ༡༢ ཉིན་ཕྱི་དྲོ་ཚོུད་ ༤།༠༠ ཐོག་འཚམས་འདྲིའི་གསོལ་ཇ་རྒྱས་པ་ཞིག་འབུལ་བཞེས་ཀྱི་དུས་ཚོད་བཟང་པོ་གནང་ཞིང་།
ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ ཉིན་ Tapovan དུ་དཔལ་ལྡན་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ལས་བྱེད་གཉིས་བཅས་བཅར་ཏེ་ཧི་མ་ཅལ་མངའ་སྡེའི་ཚོགས་གཙོ་མཆོག་དང་ཁོང་གི་ལས་བྱེད་ OSD Mr. Dharamapal Mahajan ལགས་མཇལ་འཕྲད་གནང་ཐོག་གསོལ་ཇ་རྒྱས་པ་གྲ་སྒྲིག་སླད་འོག་གྲབས་གནང་། དེ་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་ཕྱོགས་འགལ་ཚོགས་པའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་ལ་མཇལ་འཕྲད་ཞུས་ཏེ་མགྲོན་འབོད་གནང་བ་ལྟར་ཞལ་བཞེས་གནང་།
ཕྱི་ཚེས་ ༡༢ ཉིན་ཕྱེད་ཡོལ་ཚོུད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཐོན། དེ་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཚོགས་ཁང་དུ་ཕྱི་དྲོ་ཚོུད་ ༥།༠༠ ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་དང་ཚོགས་གཞོན་མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་བཅས་ལ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་རྒྱུན་ལས་རྣམ་པ་ནས་ཕེབས་བསུའི་མཇལ་དར་དང་སྤྱི་ལྷན་གྱི་ངོ་སྤྲོད་དེབ་ཆུང་ཕུལ། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྐུ་མགྲོན་རྣམ་པ་དེ་རིང་གི་ལྷན་འཛོམས་ཐོག་ཕེབས་པར་དགའ་སྤྲོ་དང་སྦྲགས་སླར་ཡང་མཇལ་འཕྲད་ཀྱི་དུས་ཚོད་གནང་བར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཚང་མར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཧི་མ་ཅལ་མངའ་སྡེའི་དགུན་དུས་གྲོས་ཚོགས་དེ་བཞིན་རྡ་རམ་ས་ལར་ཚུགས་ནས་ལོ་མང་སོང་ཡོད་པ་དང་། དེའི་སྐབས་ཧི་མ་ཅལ་མངའ་སྡེའི་ས་ཁུལ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ལྷན་འཛོམས་ཐོག་བཀའ་བསྡུར་ཞིབ་རྒྱས་གནང་གི་ཡོད་པ་དང་། ཆབས་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་བཅས་ནས་འཚམས་འདྲིའི་གསོལ་ཇ་དང་གསོལ་ཚིགས་འདེགས་འབུལ་གནང་བཞིན་ཡོད་པ་རེད། ད་ལེན་ཡང་གསོལ་ཇ་རྒྱས་པ་འདེགས་འབུལ་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྡ་རམ་ས་ལ་དེ་ཉིད་༸མགོན་པོ་གང་ཉིད་ཀྱི་ནང་ལྟ་བུར་ངོས་བཞེས་མཛད་ཀྱི་ཡོད་པར་ཧི་མ་ཅལ་མི་མང་ཡོངས་ནས་དགའ་སྤོབས་སྐྱེ་དགོས། དེ་བཞིན་ངོས་རང་༸གོང་ས་མཆོག་དང་མཇལ་འཕྲད་བྱུང་སྐབས་ངོས་ཀྱི་ཡང་བློན་ཆེན་ཡིན་ཞེས་གསུངས་གནང་གི་ཡོད། ༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་དང་བཀའ་དྲིན་གྱིས་རྡ་རམ་ས་ལ་དེ་ཉིད་རྒྱལ་སྤྱིའི་ས་ཁྲ་ནང་ས་གནས་འབུར་དུ་ཐོན་ནས་ཡུལ་འཁོར་སྤྲོ་འཆམ་པའི་ས་གནས་ཤིག་ཏུ་འགྱུར་ཡོད། འཛམ་གླིང་ཡོངས་ཀྱི་ཡུལ་འཁོར་སྤྲོ་འཆམ་པ་རྡ་རམ་ས་ལར་ཕེབས་གནང་གི་ཡོད་པ་དང་ཚང་མའི་༸གོང་ས་མཆོག་མཇལ་འདོད་གནང་གི་ཡོད་པ་བཞིན་༸གོང་ས་མཆོག་ནས་མཇལ་འཕྲད་དང་བཀའ་སློབ་ཕེབས་གནང་མཛད་ཀྱི་ཡོད་རེད། ཧི་མ་ཅལ་མངའ་གཞུང་ནས་བོད་ཀྱི་རྩ་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་པར་མ་འོངས་པར་ཡང་མུ་མཐུད་རྒྱུན་འཛིན་གནང་རྒྱུ་ཡིན་བཅས་གསུངས། དེ་རྗེས་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དེ་རིང་གི་མཛད་གཙོ་རྣམ་པ་ཚང་མར་ལྷན་འཛོམས་བྱུང་བར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་ལ་ཉེ་བ་དང་། བོད་ཀྱི་རྩ་དོན་དེ་བཞིན་རྒྱལ་སྤྱིའི་སྟེང་གོང་འཕེལ་ཡོང་བ་རྣམས་ཧི་མ་ཅལ་མངའ་སྡེའི་མི་མང་དང་གཞུང་གི་རྒྱབ་སྐྱོར་ཐོག་ནས་བྱུང་ཡོད། ད་བར་མི་ལོ་ ༦༠ རིང་ཧི་ཅམ་ལ་མངའ་སྡེ་གཙོས་རྒྱ་གར་མངའ་སྡེ་ཚང་མའི་ནང་ས་གནས་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུའི་འཆར་གཞི་ཡོད་པ་དང་། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ལོ་མང་སྔོན་དུ་ཡོད་ནའང་མུ་མཐུད་རྒྱུན་འཛིན་ཐུབ་མེད་པར་དང་པོ་ཧི་མ་ཅལ་མངའ་སྡེ་ནས་དབུ་འཛུགས་ཀྱིས་ཚོགས་པ་སླར་གསོ་ཡོང་ཐབས་མཉམ་རུབ་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་བཅས་གསུངས། མཐའ་དོན་དུ་དེ་རིང་གི་ལྷན་འཛོམས་ཐོག་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་ནས་མཐུན་འགྱུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།
དེ་ཡང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ད་རེས་ཀྱི་ལྷན་འཛོམས་ཐོག་ཕེབས་པ་ཡིན་བཅས་གསར་འགོད་པ་ཁག་ཅིག་ལ་གསུངས་གནང་མཛད།
གསུང་བཤད་གནང་རྗེས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་བོད་མི་མང་སྤྱི་འཐུས་རྣམས་ཀྱི་དབར་ཕན་ཚུན་ངོ་སྤྲོད་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གོ་བསྡུར་གནང་བཞིན་གསོལ་ཇ་ཞལ་ཏོག་འདེགས་འབུལ་གནང་རྗེས་སྐུ་མགྲོན་རྣམ་པ་རིམ་བཞིན་ཕེབས་གནང་མཛད་པ་བཅས་ཀྱི་གནས་ཚུལ་དུ།།