༄༅། །སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་གནད་དོན་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།

བོད་མགོ་ལོག་དགའ་བདེ་རྫོང་ཟེར་བ་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་ ༥༦ ཐོག་རྒྱ་གཞུང་གིས་ངན་བྱུས་འོག་ཕྱི་ལོ་ ༢༠༢༥ ཟླ་ ༣ པའི་ཟླ་མཇུག་ཏུ་ཝི་ཏི་ནམ་རྒྱལ་ཁབ་ནང་དུ་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ་བ་དང་སྦྲགས། སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་རྒྱ་ནག་གཞུང་གི་འདོད་བློ་ལྟར་སྣེ་ལེན་མ་བྱས་པ་དང་། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་ཞབས་བརྟན་ལྗགས་རྩོམ་གནང་བ། དེ་བཞིན་ཁོང་གིས་གསར་འཛུགས་གནང་བའི་སློབ་གྲྭའི་ནང་རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་བྱས་པ་སོགས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ནང་འདྲི་རྩད་དང་ཉེས་འཛུགས་བྱས་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཝི་ཏི་ནམ་ཧོ་ཅི་མིན་གྲོང་ཁྱེར་ནས་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་དང་། དེ་རྗེས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༣ ཉིན་ལུང་སྔོན་དགོན་པ་ནས་ཁོང་འདས་གྲོངས་གྱུར་ཡོད་པའི་གསལ་བསྒྲགས་བྱས་པའི་བརྒྱུད་རིམ་བཅས་ལས་སྐུ་གཤེགས་རྐྱེན་གསལ་ཁ་མེད་ཐོག་རྒྱ་གཞུང་ནས་སྐུ་ཕུང་རྩིས་སྤྲོད་མ་བྱས་ཁར་སྐུ་ཕུང་མཇལ་ཁ་ཚད་ལྡན་ཞིག་ཀྱང་ཞུ་བཅུག་མེད་པ་བཅས་ཀྱི་གནས་ཚུལ་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད། སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ནི་འཛམ་གླིང་ཡོངས་ལ་དད་ལྡན་སློབ་མ་མང་པོ་ཡོད་པའི་ཆེ་བསྟོད་དང་གུས་བརྩི་ཆེན་པོ་ཞུ་སའི་བླ་མ་ཞིག་ཡིན་པ་མ་ཟད། རྒྱུན་དུ་བྱམས་བརྩེ་དང་འཚེ་མེད་ཞི་བ་བཅས་ལ་ཉམས་བཞེས་གཙོ་བོ་གནང་མཁན་ཞིག་ཡིན་པས་རྒྱལ་སྤྱིའི་གཙོས་འབྲེལ་ཡོད་ཁག་ལ་འབོད་བསྐུལ་ཞུ་རྒྱུར།

༡      སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གཤེགས་རྐྱེན་གྱི་གནས་ཚུལ་ཐད་ཕྱི་གསལ་ནང་གསལ་དང་། རྒྱལ་སྤྱིའི་གཞུང་དང་རང་དབང་ཅན་གྱི་སྡེ་ཚན་ཁག་ནས་ཞིབ་དཔྱོད་ཆ་ཚང་གནང་སྟེ་གནས་སྟངས་ངོ་མ་གང་ཡིན་འཕྲལ་དུ་ཕྱིར་བསྒྲགས་དགོས་རྒྱུ།

༢      རྒྱ་ནག་དམར་གཞུང་གི་གནོན་ཤུགས་འོག་མ་ཚུད་པར་ཝི་ཏི་ནམ་རྒྱལ་ཁབ་དང་འབྲེལ་ཡོད་ཁག་ནས་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཕུང་འཕྲལ་དུ་དགོན་པར་རྩིས་སྤྲོད་བྱས་ཏེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་རང་དབང་ཅན་གྱི་ཁྲིམས་དོན་སྨན་སྦྱོར་དཔྱད་ཞིབ་ཁང་ནས་གཤེགས་རྐྱེན་ཞིབ་དཔྱོད་གནང་དགོས།

༣     སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་ཞིབ་དཔྱོད་ཚད་ལྡན་བྱས་རྗེས་བོད་ཀྱི་ཆོས་ཕྱོགས་སྲོལ་རྒྱུན་གྱི་འདས་མཆོད་ཚད་ལྡན་ཡོང་སླད་རྒྱ་ནག་གཞུང་ནས་འགོག་རྐྱེན་མེད་པར་སྐུ་ཕུང་དགོན་པར་ངེས་པར་དུ་ཕྱིར་སྤྲོད་དགོས་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན།