༄༅། །སྤྱི་འཐུས་ཚོགས་གཞོན་མཆོག་དབུ་འབྱེད་མཛད་སྒོ་གཉིས་ཀྱི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་པ།

IMG20160609120020IMG20160609132903

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༩ ཉིན་ཆུ་ཚོད་ ༡༢།༠༠ ཙམ་ལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྡ་ཤོད་དུ་ (New Era Institute of Hotel Management) ཞེས་པའི་མཐོ་སློབ་དབུ་འབྱེད་མཛད་སྒོའིི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཡོད་ཅིང་། ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་རྗེས་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་། དེ་རྗེས་མཐོ་སློབ་ཀྱི་འགན་འཛིན་སྐུ་ཞབས་ Manu Singh Jamwal མཆོག་ནས་མཐོ་སློབ་ཀྱི་དམིགས་ཡུལ་དང་། དེའི་མ་འོངས་པའི་ཁེ་ཕན་སྐོར་བཀའ་སློབ་གནང་། ཚོགས་གཞོན་མཆོག་ནས་མཐོ་སློབ་འདི་ལྟ་བུ་རྡ་རམ་ས་ལའི་ཉེ་འཁོར་དུ་གསར་འཛུགས་གནང་བར་འབྲེལ་ཡོད་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་དང་། མཐོ་སློབ་ཡར་རྒྱས་ཚགས་ཚུད་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེར་བརྟེན་ཁྱེད་རྣམ་པས་དགོངས་རྒྱ་ཆེ་བཞེས་ཀྱིས་འབད་རྩོལ་གནང་དགོས་པ་དང་། མ་འོངས་པར་མཐོ་སློབ་འདི་ཉིད་ཀྱི་མཚན་སྙན་ཡོངས་སུ་གྲགས་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་མ་མང་པོས་མཉམ་ཞུགས་གནང་ཐུབ་པའི་རེ་བ་དང་། སྨོན་འདུན་ཞུ་གི་ཡོད་ལ། ཁྱེད་རང་ཚོ་རང་དབང་དང་རང་བཙན་ཅན་གྱི་མི་རིགས་ཤིག་ཡིན་སྟབས། དེ་ངེས་པར་དུ་བདེ་སྤྱོད་ཡང་དག་པ་ཞིག་གནང་དགོས་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱིས་མཁྱེན་གསལ་ལྟར་བོད་མི་རྣམས་ནི་རང་ཡུལ་ཤོར་ནས་བཙན་བྱོལ་དུ་གནས་བཞིན་པའི་གནས་བབ་ཡིན་པས། བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད། མཐོ་སློབ་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ལ་བྱ་དགའ་གསོལ་རས་གནང་རྒྱུའི་ལས་རིམ་ཡོད་པ་ལྟར་བྱ་དགའ་ཁག་དཔལ་ལྡན་ཚོགས་གཞོན་མཆོག་གི་ཕྱག་ནས་བསྩལ།

 

IMG20160609152524བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་ནས་གདན་ཞུ་དོན་བཞིན། ཚོགས་པའི་ངོས་ནས་ཐེངས་དང་པོར་གོ་སྒྲིག་ཞུས་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༩ ཉིན་རྒྱབ་ཏུ་གནང་བའི་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་དཔལ་ལྡན་བོད་མི་མང་སྤྱི་ལྷན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གཞུང་འབྲེལ་ཐོག་ཕེབས་གནང་ཞིང་། དེར་ཐོག་མར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་མཆོག་གིས་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་ངོ་སྤྲོད་གནང་ཞིང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་སྐབས་རྩེད་འགྲན་ནི་འགྲན་བསྡུར་གྱི་རྣམ་པ་ཞིག་ཡིན་ན་ཡང་། ཁྲིམས་མཐུན་གྱི་ཐོག་ནས་འགྲན་བསྡུར་གནང་ཐུབ་ན་མི་ཡི་རྣམ་དཔྱོད་ཞིག་ལ་ངོས་འཛིན་ཞུ་གི་ཡོད། སྤྱིར་བུད་མེད་ཀྱི་རྣམ་དཔྱོད་ཐོག་སྔོན་བྱུང་མཁས་དབང་མང་པོས་གསུངས་གནང་ཡོད་ཅིང་། ལྷག་པར་འཚེ་མེད་ཞི་བའི་ཐོག་ནས་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་ཨ་ཅཱརྱ་ཝེ་ནོ་བ་བྷ་ཝེ་ནས་སྐུ་སྐྱེད་མའི་རྣམ་དཔྱོད་ནུས་རྩལ་དང་འཇོན་ཐང་བཅས་ཀྱི་ཐོག་གསུང་རྩོམ་ཡང་མཇལ་རྒྱུ་ཡོད། དེང་སྐབས་གསུངས་བཞིན་པའི་བུད་མེད་ཀྱི་ནུས་སྟོབས་ཞེས་པ་གནད་དོན་གསར་པ་གང་ཡང་མིན་གསུངས་ཡོད། དེ་རྗེས་རྩེད་འགྲན་རུ་ཁག་རྣམས་དང་མཉམ་དུ་སྐུ་པར་མགྲོན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།

 

Menu