༄༅།།སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་མཇལ་འཕྲད་གནང་བ།

IMG_0604

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣ ཉིན་རྒྱབ་ཏུ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གི་ལས་ཁུངས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་དམ་པའི་ཚ་མོ་མཇལ་འཕྲད་གནང་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲིའི་མཇལ་དར་བསྒྲོན་གནང་དང་འབྲེལ་ཁོང་དང་ཁོང་གི་ཨ་མ་ལགས་ཀྱི་ད་ལྟའི་གནས་སྟངས་སྐོར་སོགས་འདྲི་བརྩད་གནང་བ་དང་། ཚ་མོའི་སེམས་ཤུགས་དང་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ཚ་མོ་ཉིད་བཙན་བྱོལ་དུ་ཕེབས་གནང་ཐུབ་པ་ཙམ་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྐོར་དོ་སྣང་གནང་མཁན་རྣམས་ལ་དཔང་རྟགས་ཆེན་པོ་ཆགས་ཡོད་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་སྐུ་འཚོ་བཞུགས་རིང་མཛད་རྗེས་ཆེན་པོ་བསྐྱངས་གནང་ཡོད་པ། མཐའ་མ་རྒྱ་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་ལོ་ ༡༣ ཙམ་བྱས་རྗེས་བཙོན་ཁང་དུ་འདས་རྐྱེན་སྐོར་དང་། རྒྱ་གཞུང་གི་བྱེད་སྤྱོད་རྣམས་དྲང་བདེན་ཡེ་ནས་བྱུང་མེད་པ། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་བཅས་ལ་གསུང་གླེང་གནང་ཡོད་པ་རེད། ཚ་མོ་ཉི་མ་ལྷ་མོ་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༤ ལ་བོད་ནས་བཙན་བྱོལ་ལ་ཕེབས་ཏེ་བཞུགས་སྒར་རྡ་སར་འབྱོར་ཡོད་པ་རེད།