༄༅། །སྤྱི་འཐུས་ཀྱི་མཚན་གནས་ཐོག་གསར་དུ་ཕེབས་མཁན་རྣམ་པར་ཟབ་སྦྱོང་།

IMG_2149་་་IMG_2178

༄༅། །བོད་མི་མང་སྤྱི་འཐུས་སྐབས་རེ་འཕོ་ལེན་སྐབས་སྤྱི་འཐུས་ཀྱི་མཚན་གནས་ཐོག་གསར་དུ་ཕེབས་མཁན་རྣམ་པར་ཟབ་སྦྱོང་འབུལ་ལམ་ཞིག་བར་ལམ་ནས་བྱུང་ཡོད་པ་ལྟར། ད་ལམ་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པར་སྤྱི་འཐུས་ཀྱི་མཚན་གནས་ཐོག་གསར་དུ་ཕེབས་མཁན་རྣམ་པར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༤ ནས་ཚེས་ ༡༠ བར་ཉིན་བདུན་གཅིག་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་འཇར་མན་ ( FNF ) རོགས་ཚོགས་ཀྱི་མཐུན་འགྱུར་ལ་བརྟེན་ནས་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཟབ་སྦྱོང་ཞིག་ཕུལ་ཡོད་པ་རེད།
ཟབ་སྦྱོང་དེར་ཟབ་འཁྲིད་གནང་མཁན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང། དཔལ་ལྡན་སྲིད་སྐྱོང་མཆོག སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག སྤྱི་འཐུས་པདྨ་འབྱུང་གནས་མཆོག སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་དབང་འདུས་ཚེ་རིང་ལགས་བཅས་ཀྱིས་གནང་ཡོད་ཅིང། ཟབ་སྦྱོང་ཉིན་དང་པོར་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཟབ་སྦྱོང་སྐོར་ངོ་སྤྲོད་དང་འབྲེལ་བའི་དབུ་འཛུགས་གཙོ་སྐྱོང་གནང་ཡོད་པ་དང་། དེ་ནས་ཉིན་སོ་སོར་རིམ་བཞིན་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང། སྔོན་རྩིས་འགྲོ་སྟངས་སྐོར། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་དྲུང་འཕར་དབང་འདུས་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འཆར་འབུལ་གནང་ཕྱོགས་སྐོར། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་འདུ་སྡོད་ཁག་དང་། ཕྱིའི་ཡུལ་གྲུར་འབྲེལ་ལམ་དང་། ལས་དོན་བྱེད་ཕྱོགས་སྐོར་དང་། མཛད་གཙོ་རྣམ་པའི་ཐོབ་ཐང་སྐོར་བཅས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང། བོད་རྒྱ་འབྲེལ་མོལ་སྐོར་བཅས་རིམ་པ་བཞིན་ཟབ་འཁྲིད་གནང་ཞིང་། ཟབ་འཁྲིད་གནང་སྐབས་དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད།
ཟབ་སྦྱོང་ཉིན་ལྔ་པ་སྟེ་ཕྱི་ཚེས་ ༨ ནས་བཟུང་ཚོགས་ཐེངས་འགར་ནམ་རྒྱུན་ཚོགས་ཐེངས་ལྟར་ཚུགས་མི་དགོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་ཏུ་གཟིགས་སྐོར་དང་སྟབས་ཅིག་ངོ་སྤྲོད་སླད་གདན་ཞུ་ཞུས་ཡོད་ཅིང། ཐོག་མར་བཀའ་ཤག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། སྤྱི་འཐུས་ལྷན་ཁང་བཅས་སུ་ཕེབས་ཡོད་ཅིང། དེ་ནས་བཀའ་བློན་ལས་ཁུངས་བདུན་ཏེ། ཆོས་རིག་དང། ནང་སྲིད། དཔལ་འབྱོར། ཤེས་རིག བདེ་སྲུང་། ཕྱི་དྲིལ། འཕྲོད་བསྟེན་བཅས་སུ་ཕེབས། དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། གཞན་ཡང་གངས་སྐྱིད་ཁུལ་དུ་ཡོད་པའི་བོད་ཀྱི་སྨན་རྩིས་ཁང་དང་། བདེ་ལེགས་སྨན་ཁང་། བོད་ཀྱི་དཔེ་མཛོད་ཁང་བཅས་སུ་ཉིན་སོ་སོར་ཆ་བགོས་ཡོད་པ་ལྟར་རིམ་པ་བཞིན་ཕེབས་གནང་ཡོད་པ་རེད།
ཕྱི་ཚེས་ ༡༠ ཉིན་དགུང་ཟབ་འཁྲིད་པ་རྣམ་པ་དང་། ཟབ་སྦྱོང་བ་རྣམ་པར་སྤྱི་འཐུས་ལྷན་ཁང་དུ་གསོལ་སྟོན་སྟབས་བདེ་ཞིག་འབུལ་ལམ་ཞུས་ཡོད། རྩ་བའི་གསོལ་སྟོན་ཐད་ཟབ་སྦྱོང་ཆ་ཚང་མཇུག་བསྒྲིལ་མཚམས་དགོང་དྲོ་འབུལ་འཆར་ཡང། གྲོས་ཚོགས་ཀྱི་ཚོགས་མི་གང་ཙམ་དེ་དགོང་སྔ་ཙམ་རང་རང་ས་གནས་སུ་ཕེབས་ཐོན་མཛད་འཆར་སྔོན་བསྒྲིགས་ཟིན་འདུག་སྟབས་གསོལ་སྟོན་སྔ་སྣུར་གྱིས་ཉིན་དགུང་འདེགས་འབུལ་ཞུས། གསོལ་སྟོན་གྲུབ་བསྟུན་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ པ་ནས་ལས་རིམ་གཞིར་བཟུང་མཐའ་བསྡོམས་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་སྐབས། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོ་སྐྱོང་གནང་ཞིང། དཔལ་ལྡན་ཚོགས་གཙོ་མཆོག་གིས། ཟབ་འཁྲིད་པ་རྣམ་པ་དང་། ཟབ་སྦྱོང་བ་རྣམ་པ། ཟབ་སྦྱོང་གོ་སྒྲིག་དང་འབྲེལ་བའི་ཚོགས་དྲུང་ལས་ཁུངས་ལས་བྱེད་བཅས་ཚང་མས་འཁུར་མཉམ་ལེན་གནང་བའི་ཉེར་ལེན་གྱིས་ད་རེས་ཟབ་སྦྱོང་གི་ཞུ་སྒོ་གང་ལེགས་བྱུང་བར་ཐུགས་རྗེ་ཆེ་ཞེས་གསུངས་གནང་པ་དང་། ཟབ་སྦྱོང་ནང་ཞུགས་མཁན་ཁོངས་ནས་ད་རེས་ཀྱི་ཟབ་སྦྱོང་འདིས་ཕན་ཐོགས་ཅི་ཆེ་བྱུང་གནས་དང་། དྭོགས་འདྲི། མ་འོངས་ལེགས་སྤེལ་སོགས་ཀྱི་དགོངས་འཆར་སྣ་ཚོགས་གསུངས་པ་མ་ཟད། གཙོ་བོ་ད་རེས་ཟབ་སྦྱོང་འདིས་ཕན་རླབས་བྱུང་བར་འགན་འཁུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་སོང།
དེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་ཟབ་སྦྱོང་ལས་འཆར་འདིའི་སྦྱིན་བདག་ (FNF) དང་། ཟབ་འཁྲིད་པ་རྣམ་པ། ཟབ་སྦྱོང་ནང་ཞུགས་གནང་མཁན་སྤྱི་འཐུས་རྣམ་པ། སྐབས་དེར་ཟབ་སྦྱོང་ལས་གཞིར་ཉིན་ལྟར་ཞབས་ཞུ་གནང་མཁན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་པར་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་ལེགས་པར་གྲུབ་ཅིང། མཇུག་ཏུ་ཚང་མ་མཉམ་བཞུགས་ཀྱི་སྐུ་པར་ཞིག་ཀྱང་སྒྲོན་རྒྱག་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

IMG_2143IMG_2194

Menu