༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༤ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ནི་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང། བླང་དོར་ལམ་སྟོན་པ། འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་པའི་གྲགས་པ་ཕྱོགས་བཅུར་གཡོ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༢༤ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་མགོན་པོ་གང་གིས་མཐའ་ཡས་སྐྱེ་འགྲོ་ཀུན་ལ་ཕན་བདེའི་འཕྲིན་ལས་འདོད་རྒུ་འཇོ་བའི་གསང་གསུམ་གྱི་མཛད་པ་གཞལ་དུ་མེད་པ་བསྐྱངས་དང་སྐྱོང་བཞིན་པར་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བོད་འབངས་སྤྱི་དང། ཁྱད་པར་མང་གཙོ་དང། རང་དབང། ཞི་བདེ་བཅས་ལ་དགའ་བའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་མགོན་པོ་གང་གི་བླ་ན་མེད་པའི་མཛད་འཕྲིན་གཙུག་ཏུ་བཀུར་ནས་དགའ་གུས་ཡི་རངས་དང་བཅས་ཆོས་མཐུན་དགའ་སྐྱིད་དཔལ་ལ་རོལ་བའི་རྫོགས་ལྡན་གྱི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན། དེ་ཡང་མཉམ་མེད་ཐུབ་པའི་དབང་པོའི་ལྟ་སྤྱོད་དྲི་མ་མེད་པའི་ཀློང་ནས་འཁྲུངས་པའི་བོད་ཆོས་ལྡན་ཞིང་གི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་ཆེས་སྙིགས་དུས་ཀྱི་འཛམ་གླིང་ས་ཆེན་འདིར་བོད་ལྗོངས་འདི་ཉིད་ཞི་བདེའི་བསྟི་གནས་ཤིག་ཏུ་བསྐྲུན་རྒྱུའི་བླ་མེད་ཀྱི་དགོངས་གཞི་ཟབ་མོས་བོད་འབངས་རྣམས་འཚེ་མེད་ཞི་བའི་ལམ་དུ་བཀྲི་བར་མཛད་ཅིང། གཉིས་སྨན་དབུ་མའི་ལམ་བཟང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མཛད་པའི་རླབས་ཆེན་གྱི་མཛད་བཟང་དང། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་ཀུན་གྱི་མངོན་འདོད་ཀྱི་བསམ་པའི་གཞི་རྩ་བཟང་སྤྱོད་ཀྱི་ནུས་པ་གོང་སྤེལ་གྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་དང། ཆོས་ལུགས་མཐུན་སྒྲིལ། དམག་འཐབ་དང་འཁྲུག་རྩོད་ཞི་ཐབས་སོགས་འཛམ་གླིང་ཞི་བདེ་ལ་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་དཔྱོད་ལྡན་ཀུན་གྱིས་མངོན་པར་བསྟོད་དེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་པ་བཞིན་སྐྱེ་འགྲོའི་ཕན་བདེའི་སླད་དུ་དགྱེས་བཞེས་མཛད་པས་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་ལྟར་གསང་གསུམ་ཕན་བདེའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཕྱོགས་དུས་ཀུན་ཏུ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གྲངས་མེད་ཞུ་རྒྱུ།

དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚིགས་གལ་ཆེ་ཞིག་ཀྱང་ཆགས་ཡོད། ཉེ་བའི་སྔོན་དུ་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་ཡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དུས་བཀག་བསྐྱར་ཞིབ་ཚོགས་ཐེངས་ ༡༧ པ་འཚོགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་སླད་དོན་དམ་གྱི་ཐབས་ལམ་ཞིག་ལག་བསྟར་དགོས་པའི་འབོད་སྐུལ་གནང་ཡོད་པ་དང། ལྷག་པར་ཁེ་ཎ་ཌ་དང། ཅེག་སྤྱི་མཐུན་རྒྱལ་ཁབ། ཕ་རན་སི། འཇར་མ་ནི། ནིའུ་ཛི་ལེན་ཌི། སུད་སི། ཨ་རི། དབྱིན་ཡུལ། ཨ་ཡི་སི་ལེན་ཌི། ཉི་ཧོང། པོ་ལེནཌ། ཨོ་སེ་ཊེ་ལི་ཡ་བཅས་ཀྱི་སྐུ་ཚབ་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་པ་དང་སྦྲགས། རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་དང། རིག་གཞུང། སྨྲ་བརྗོད་ཀྱི་རང་དབང་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་ནན་པོ་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིས་གཙོས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དེ་དག་སྲུང་སྐྱོབ་སླད་ཐབས་ལམ་ངེས་ཅན་ཞིག་ལག་བསྟར་བྱེད་དགོས་པའི་ལམ་སྟོན་གནང་ཡོད།

རྒྱ་ནག་གཞུང་ལ་ད་ཕན་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གི་བཟང་པོའི་བྱ་གཞག་གང་ཡང་བགྲང་རྒྱུ་མེད་ཁར། རྒྱ་ནག་ནང་ཁུལ་དང། ཁྱད་པར་བོད་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་ཆེས་གདུག་རྩུབ་ཅན་དང་ཡ་ང་བག་ཚ་མེད་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པ་ཀུན་གསལ་ཡང། ཉེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་སླར་ཡང་ཚུད་ཐབས་ཆེད་རྒྱ་ནག་གཞུང་གིས་འཛམ་གླིང་སྤྱི་མཚུངས་ལྟར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་དེ་དག་ལག་བསྟར་བྱ་རྒྱུ་དང། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཁས་ལེན་བྱས་པར་བརྟེན་ནས་ཚུད་པ་ཡིན་ངེས་ལ་སོང་རྒྱ་ནག་གི་ངོས་ནས་ཁ་དན་ཚིག་གནས་ཀྱི་ལག་བསྟར་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་རྟོག་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གིས་དུས་རྟག་ཏུ་འཆམ་མཐུན་དང། བརྟན་ལྷིང་ཟེར་བ་སོགས་བཤད་དང་ཤོད་བཞིན་ཡོད་རུང། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོ་ཡིས། “རལ་གྲི་གཤོམ་པའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།” ཞེས་པའི་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་རྒྱ་གཞུང་གིས་གཉེར་བའི་དུས་དེབ་དང་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱས་ཡོད་པའི་ནང། “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ “དབུ་མའི་ལམ་དང། བོད་ཆེན་པོ། ཚད་མཐོའི་རང་སྐྱོང་” བཅས་ཟེར་བའི་ལོག་སྤྱོད་རེ་ངན་ཐེར་འདོན་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས། བོད་བརྒྱུད་ནང་བསྟན་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབར་དབྱེ་བ་གསལ་པོ་འབྱེད་པ་དང། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལ་ཞེས་པའི་མིང་དབར་དབྱེ་བ་གསལ་པོ་འབྱེད་པ། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཡིན་པའི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད། དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ལ། དགྲ་ཡའི་ཕྱོགས་གཏོགས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བརྙན་ཐོས་རྒྱུ་མེད་པ་དང་མཐོང་རྒྱུ་མེད་པ་བྱེད་དགོས་” ཞེས་སོགས་བཤད་ཡོད།

འོན་ཀྱང་གོང་གསལ་ཁོ་པའི་རྩོམ་ཡིག་དང། གཏམ་བཤད་དེ་དག་ནང་ལོ་རྒྱུས་དང་དངོས་ཡོད་ཀྱི་ཁུངས་ལུང་སྣེ་གཅིག་མེད་ནའང། བསྒྲུབ་ཐབས་མེད་པའི་བོད་རྒྱ་ཆེའི་མི་མང་རྣམས་ལམ་ལོག་ཏུ་འཁྲིད་ཐབས་དང། བོད་རྒྱ་མི་རིགས་གཉིས་ཀྱི་དབར་འགལ་ཟླ་དང་འཁོན་འཛིན་ཆེ་རུ་གཏོང་ཐབས་བཅས་ཀྱི་ཆེད་དུ་ཡིན་ཞིང་། བདེན་པས་ཕོངས་པའི་གཏམ་བཤད་དེ་ལྟ་བུར་སུས་ཀྱང་ཡིད་ཆེས་དང། རྒྱབ་སྐྱོར་བྱེད་མཁན་མེད་པར་བརྟེན། ཚིག་ཟིན་རེ་རེར་གསལ་བཤད་དགོས་དོན་མི་འདུག་ནའང། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་བརྒྱུད་ནང་བསྟན་དབར་དང། ཁོང་དང་ཁོང་གི་སྐྱེ་ཕྲེང་དབར་གྱི་འབྲེལ་ལམ་སོགས་ལྷ་མེད་སྨྲ་བ་དང་སྐྱེ་བ་སྔ་ཕྱི་ཙམ་ཡང་ཁས་ལེན་མི་བྱེད་མཁན་གྱི་སྲིད་གཞུང་ཞིག་ལ་བརྗོད་དབང་མེད་ལ་བརྗོད་ལུགས་ཀྱང་ཤེས་ཀྱི་མེད། ཁོང་གི་མཛད་འཕྲིན་དང་ཁོང་དང་བོད་མི་མང་གི་བསམ་བློའི་འབྲེལ་ཐག་ཇི་ལྟར་ཡིན་མིན་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཟུར་བལྟས་ལེབ་མཐོང་ཡིན་པས་དམར་ཤོག་དྲུང་ཆེ་ཁྲོན་ཆོན་གོ་ཡིས་དེ་ལྟར་ངལ་བར་བྱས་པ་ནི་དོན་མེད་ཁོ་ན་ཡིན།

རྒྱ་ནག་གཞུང་གིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་བྱས་ཏེ། བོད་མི་མང་ཞིང་བྲན་ཁྲི་ཚོ་བརྒྱ་བོད་ཀྱི་མངའ་བདག་ཆེན་མོ་གསུམ་གྱི་གཉའ་གནོན་གྱི་འོག་ནས་དངོས་སུ་བཅིངས་གྲོལ་བཏང་ཚུལ་སོགས་ཀྱི་ཕྱི་མཛེས་གཡོ་རྫུས་ཀྱི་བསླུ་བྲིད་བྱེད་ཐབས་འབའ་ཞིག་བྱེད་ནའང་། དོན་དངོས་ཐོག་བོད་ཡུལ་འདི་ཉིད་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཏེ། ཆབ་སྲིད་ཀྱི་དྲག་གནོན་དང་། མི་རིགས་དང་དཔལ་འབྱོར་ཐོག་དབྱེ་འབྱེད། རིག་གནས་དང་དེ་བཞིན་ཁོར་ཡུག་དང་བཅས་རྩ་གཏོར་ཚད་མེད་བཏང་དང་གཏོང་བཞིན་པའི་ཆེས་གདུག་རྩུབ་དང་མཁྲེགས་འཛིན་གྱི་སྲིད་བྱུས་རབས་དང་རིམ་པ་སྤེལ་བའི་ཉེར་ལེན་ལ་བརྟེན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་འགོ་འཛུགས་ཀྱིས་རིམ་པས་ཆོལ་གསུམ་ས་ཁུལ་ཕལ་མོ་ཆེར་བོད་མི་བརྒྱ་སྟོང་ཁྲི་ཚོ་མང་པོས་ཆེས་གཞི་རྒྱ་ཆེ་བའི་ཡར་ལངས་ཞི་རྒོལ་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ཡི་ལོ་ནས་བཟུང་སྟེ་ད་བར་བོད་ནང་ཁོ་ནར་སེར་སྐྱ་དཔའ་བོ་དཔའ་མོ་གྲངས་ ༡༢༣ གྱིས་གཅེས་པའི་ལུས་སྲོག་ཚུན་ཆད་མེ་རུ་སྤར་ཏེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མིར་རང་དབང་དགོས་འདུན་གྱི་སླད་དུ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་ཆེས་ཚད་མཐོའི་འཚེ་མེད་ཞི་བའི་ངོ་རྒོལ་དང་རྩོད་ལེན་ཤུགས་ཆེན་གནང་ཡོད། འོན་ཀྱང་རྒྱ་གཞུང་ནས་ཁོང་རྣམས་ཀྱི་རེ་འདུན་ལ་གཟུར་གནས་དཔྱད་ཞིབ་དང་བསམ་གཞིགས། བོད་ཀྱི་དངོས་ཡོད་གནས་བབ་དང་མཐུན་པའི་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་འོས་འཚམས་ཤིག་ལག་བསྟར་བྱ་རྒྱུའི་ཚབ་ཏུ། མཐའ་གཅིག་ཏུ་དཔལ་འབྱོར་གྱི་བསླུ་བྲིད་གང་ནུས་ཀྱི་གཡོ་སྒྱུ་དང་། དྲག་པོའི་དམག་དང་གོ་མཚོན་གྱི་མགོ་གནོན་འབའ་ཞིག་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་ནི་རྒྱ་དམར་གུང་ཁྲན་ཏང་དེ་བཞིན་ད་ལྟའི་དུས་རབས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་གང་དང་ཡང་གཏན་ནས་མི་མཚུངས་པའི་རྗེས་ལུས་ཀྱི་མངོན་རྟགས་དང་། འགྲོ་བ་མིའི་རིགས་ཀྱི་བཟང་པོའི་ཀུན་སྤྱོད་དེ་བཞིན་གནའ་རབས་རྒྱ་ནག་ཧན་མི་རིགས་ཆེན་མོའི་ཡ་རབས་གཤིས་བཟང་རིག་གཞུང་གི་དྲི་མ་ཏིལ་འབྲུ་ཙམ་ཡང་ལྷག་མེད་པ་བཅས་ནི་འཛམ་གླིང་མི་མང་སྤྱི་དང་། ཡང་སྒོས་སུ་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ཁྱོན་ཡོངས་ལ་གྱོང་གུད་ཚབས་ཆེན་ཕོག་པ་ཞིག་ཆགས་ཡོད།

གཞིས་ལུས་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། རིགས་ཞེན་གྱི་ལྷག་བསམ་རྣམ་དཀར་ངང་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་མངོན་འདོོད་དང་། བདེ་སྡུག ཛ་དྲག་གི་གནས་སྟངས་བཅས་ལ་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྔ་ལོ་ནས་བཟུང་སྟེ་བོད་དོན་བདེན་མཐའ་གང་མྱུར་གསལ་ཐབས་སྤྱི་དང་། བྱེ་བྲག་མིག་སྔའི་གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་སྡུག་དང་ཆེས་ཛ་དྲག་གི་གནས་བབ་དེ་དག་ཡུལ་དུས་གནས་བབ་ལ་གཞིགས་ཏེ་རྒྱ་གར་གཙོས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གྲོས་ཚོགས་ཁག དེ་བཞིན་གནད་ཡོད་མི་སྣ། མི་མང་དང་བཅས་པར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་རབས་དང་རིམ་པ་སྤེལ་དང་སྤེལ་མུས་བཞིན། ཉེ་བའི་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ལོའི་ཟླ་ ༡༡ ཚེས་ ༣ ནས་ཚེས་ ༢༥ བར་ཡོ་རོབ་ཁུལ་གྱི་སྦེལ་ལྗམ་དང་། ཧྥ་རན་སི། ཧོ་ལན་ཊི། འཇར་མན། ཨིན་ལན་ཊི་བཅས་རྒྱལ་ཁབ་ཁག་ལྔའི་ནང་དུ་ཆེད་གཉེར་གྱིས་བོད་དོན་ཞུ་སྐུལ་གནང་ཡོད་ལ། ད་དུང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ལས་ཡུན་རིང་ལས་འགུལ་དེ་དང་དེ་རིགས་མུ་མཐུད་རིམ་སྤེལ་བྱ་འཆར་ཡོད།
བོད་མིའི་བདེན་དོན་ཞུ་སྐུལ་རྣམས་ལ་རྒྱ་གར་གཞུང་མང་གཙོས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གྲོས་ཚོགས་ཁག དེ་བཞིན་རྒྱ་ཆེའི་མི་མང་བཅས་ནས་དོ་སྣང་དང་། ཐུགས་འཁུར། གདུང་སེམས་མཉམ་སྐྱེད། ཚད་མཐོའི་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བརྒྱུད་དེ་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག་ཏུ་འབྱུང་འགྱུར་ཡང་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྐྱིད་དཔལ་ལ་མགྱོགས་ནས་མྱུར་དུ་རོལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ལ།། །།

Menu