དེ་རིང་བོད་རྒྱལ་ལོ་ ༢༡༤༢ རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ཟླ་ ༥ ཚེས་ ༢༠ དང། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་མོ་འདིར། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༠ ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ངང་ཞུ་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་དགའ་དད་སྤྲོ་གསུམ་གྱི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྐྱེ་འགྲོ་སྤྱི་དང། ཁྱད་པར་གངས་རིའི་ལྗོངས་ཀྱི་ཉམ་ཐག་པའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་བསམ་བཞིན་སྲིད་པ་བཟུང་བ་ནས་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་བ་ ༥ ཚེས་ ༥ དང། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་སྐུ་འབུམ་སྟག་མཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་ངོ་མཚར་རྨད་དུ་བྱུང་བའི་མཚན་ལྟས་བཟང་པོ་དུ་མ་དང་བཅས་སྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༠ ལ་ཕེབས་ཏེ་༸སྐུ་ཡི་གསང་བ་གསུམ་ལ་སྐུ་གེགས་ཀྱི་མཚན་མ་ཆ་ཕྲ་མོའི་ཚུལ་ཙམ་ཡང་མ་བཞེས་པར་གཟུགས་སྐུའི་དཀྱིལ་འཁོར་ལྷུན་པོ་ཀུན་ཏུ་བཟང་པོའི་དགེ་མཚན་གསལ་བར་འཚོ་གཞེས་གཡོ་བ་མེད་པའི་བཀའ་དྲིན་ནི་སྟོང་གསུམ་ནོར་གྱིས་བཀང་སྟེ་བསྐལ་ཆེན་དུ་མར་ཕུལ་ཡང་ཆ་ཙམ་ཡང་གཞལ་བར་མི་ནུས།
མགོན་པོ་གང་ཉིད་རྒྱལ་བློན་པཎ་གྲུབ་སོགས་སྤྲུལ་སྒྱུར་བསམ་གྱིས་མི་ཁྱབ་པས་མཐའ་ཡས་པའི་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་པོར་བཀྲི་བར་མཛད་པའི་རྟག་ཁྱབ་འཕྲིན་ལས་ཀྱི་འཇུག་པ་ས་གསུམ་ཀུན་ཏུ་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་ཤིང། ༸རྒྱལ་མཆོག་ལྔ་པ་ཆེན་པོས་བོད་ལྗོངས་ལུགས་གཉིས་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་ཏེ་གངས་ལྗོངས་ཆབ་སྲིད་ཀྱི་གདུགས་དཀར་ཡུག་གཅིག་གི་གྲིབ་བསིལ་འོག་སྐྱེ་འགྲོ་མཐའ་དག་བདེ་བར་བཀོད་དེ་རིས་མེད་༸རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། ལྷག་པར་༸རྒྱལ་དབང་རིམ་བྱོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་གང་ཉིད་སྙིགས་དུས་ཀྱི་སྐྱེ་འགྲོ་སྤྱི་དང་ཆོས་ལྡན་གངས་ཅན་ཞིང་དུ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་སྐུ་ཡི་བཀོད་པ་བཟུང་སྟེ། མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་གསན་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་གནས་མཐའ་དག་མཁྱེན་ཅིང་སྟོན་པ་བླ་ན་མེད་པ་ངེས་པ་དོན་གྱི་གངས་ཅན་མཁས་པ་ཀུན་གྱི་གཙུག་གི་རྒྱན་དང་སྙིང་གི་ནོར་བུར་གྱུར།
ལྷག་པར་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་བོད་ལྗོངས་སུ་བཙན་འཛུལ་བྱས་ཏེ་བོད་ཀྱི་ཆབ་སྲིད་གནས་སྟངས་ཉག་ཕྲ་བའི་སྐབས། མགོན་པོ་མཆོག་དགུང་གྲངས་ ༡༦ ལས་མ་ཕེབས་ཀྱང་བོད་ལྗོངས་ལུགས་ཟུང་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་འཕྲལ་འཛམ་བུ་གླིང་སྤྱི་འགྲོས་ཀྱི་སྲོལ་བཟང་དང་མཐུན་པའི་མང་གཙོའི་ལམ་ལུགས་གསར་གཏོད་བསྐྱང་རྒྱུའི་དགོངས་བཞེས་བཀའ་དྲིན་ཆེ་བ་ལྟར་དུས་བསྟུན་སྒྱུར་བཅོས་ཀྱི་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་གསར་འཛུགས་སོགས་ཕྱག་ལེན་དབུ་འཛུགས་བསྐྱངས་ཡོད་ནའང་། རྒྱ་དམར་བཙན་འཛུལ་དམག་དཔུང་གིས་གངས་ལྗོངས་བསྟན་སྲིད་མི་རིགས་དང་བཅས་པ་དུས་གཅིག་ལ་རྩ་བརླག་ཏུ་གཏོང་རྒྱུའི་ཧམ་སེམས་དང་ཉེན་ཁའི་གནས་སུ་ལྷུང་སྐབས་གང་ཉིད་ཀྱི་འཚེ་མེད་ཞི་བའི་ཐབས་མཁས་ཐུགས་རྗེའི་མཛད་བྱུས་ཀྱིས་རེ་ཞིག་བོད་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་འཐབ་རོལ་དུ་འགྲོ་མི་དགོས་པའི་མི་འཇིགས་པའི་སྐྱབས་སྦྱིན་ཡང་དག་པར་མཛད། འོན་ཀྱང་རྒྱ་ནག་དམག་དཔུང་གི་གདུག་རྩུབ་སྲིད་བྱུས་འོག་བོད་ས་བཙན་ཕྲོགས་དང་བཙན་བཟུང་དབང་གིས་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་།
རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་འཕྲལ་ཐོག་མའི་དགོངས་བཞེད་བཞིན་ཕྱི་ལོ་ ༡༩༦༠ ལོར་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་བོད་མི་མང་སྤྱི་འཐུས་འདེམས་བསྐོ་དང་འབྲེལ་རིམ་བཞིན་ཡུལ་དུས་གནས་བབ་དང་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་དང་བསྟུན་མང་གཙོ་ཡང་དག་པའི་ཕྱོགས་སུ་བཀྲི་གནང་མཛད་པ་དང། མང་ཚོགས་ཀྱི་བསམ་འཆར་བསྡུ་བཞེས་དང་བཅས་མ་འོངས་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་མཛད། བོད་དོན་བདེན་པའི་གནས་ལུགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་བསྐུལ་མཛད་དེ་བོད་མིར་འགྲོ་བ་མིའི་ཐོབ་ཐང་དང། རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་གྲོས་ཆོད་རིམ་འཇོག་ཐུབ་པ་དང། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མ་ལག་དང་བཅས་པ་བཀོད་སྒྲིག་དང། བོད་ཀྱི་ཆོས་དང་རིག་གཞུང། གོམས་གཤིས་བཅས་མི་ཉམས་རྒྱུན་འཛིན་དང། བོད་མིའི་ནུས་པ་ཆིག་སྒྲིལ་ཆེད་བོད་མི་རྣམས་གནས་ངེས་མེད་དུ་ཁ་ཐོར་འགྲོ་མི་དགོས་པར་ས་གནས་ཁག་ཏུ་གཞིས་ཆགས་ཀྱི་མཐུན་རྐྱེན་གསར་འཛུགས་མཛད། མ་འོངས་བོད་ཀྱི་སོན་རྩ་བོད་མི་ན་གཞོན་རྣམས་ལ་གནའ་དེང་གི་ཤེས་ཡོན་དང། གཞུང་མང་དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་ཆེད་ལས་ཁུངས་སམ་སྡེ་ཚན་ཟུར་འཛུགས་ཀྱི་བཀའ་དྲིན་བསྐྱངས།
རྒྱལ་བསྟན་དར་སྤེལ་ཐད་མགོན་པོ་གང་གི་དབུ་ཁྲིད་ལམ་སྟོན་འོག་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང། བླ་སྤྲུལ་མཁན་པོ་དགེ་བཤེས་བཅས་ཞུགས་པའི་ཆོས་ཚོགས་ཐེངས་ ༡༢ པའི་བར་ཚོགས་པ་སོགས་ཀྱིས་རྒྱ་བལ་འབྲུག་གསུམ་དང། ཕྱི་རྒྱལ་ཡུལ་གྲུ་གཞན་གང་སར་རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་དགུང་དུ་བཏེགས་ཏེ་དར་ཞིང་རྒྱས་པར་མཛད་དེ་བོད་བརྒྱུད་ནང་བསྟན་པ་རྣམས་སྔར་ལྷག་དམ་ཚིག་འོ་ཆུ་གཅིག་འདྲེས་དང། ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་ཅིང། རྒྱལ་སྤྱིའི་ཆོས་ལུགས་གཞན་ཁག་ལའང་མཛའ་འབྲེལ་གསེར་གྱི་ཟམ་པ་ཉེ་བར་བཙུགས།
ལྷག་པར་བོད་དོན་བདེན་མཐའ་མྱུར་གསལ་ཡོང་བར་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་གནས་སྟངས་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་བྲན་བཀོལ་མ་ཡིན་པར། ཆོལ་གསུམ་ཡོངས་རྫོགས་རང་སྲིད་རང་སྐྱོང་བྱ་རྒྱུའི་གནས་དུས་ཀྱི་དངོས་ཡོད་གནས་སྟངས་དང་བསྟུན་པའི་ཕན་ཚུན་གཉིས་ཕན་དང། གུ་ཡངས་བཅས་ཀྱི་སྒོ་ནས་འགྲིག་འཇགས་ཡོང་ཐབས་གཙོར་བཟུང་གི་དབུ་མའི་ལམ་གྱི་བཞེངས་ཕྱོགས་སྲིད་བྱུས་ལ་བོད་རྒྱ་ཆེའི་མི་མང་དང་། འཛམ་གླིང་སྤྱི་ཡོངས་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་འཐོབ་པ། རིམ་བཞིན་བོད་ཆོལ་ཁ་གསུམ་ཁྱོན་ལ་གཟིགས་སྐོར་སྐུ་ཚབ་ཚོགས་པ་སྔ་རྗེས་རིམ་པ་དང། རྒྱ་ནག་ཏུ་བོད་རྒྱ་ཞི་མོལ་གྱི་ཆེད་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་རིམ་པ་གཏོང་གནང་མཛད་ཡོད།
དེང་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་དུས་འདིར། སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་དམ་པའི་ཆོས་ཀྱི་སྙིང་པོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་བཟང་ཆེས་ཆེར་གསལ་བར་མཛད་དེ་དུས་རྟག་ཏུ་འཚེ་མེད་ཞི་བའི་མཛད་ཐབས་འབའ་ཞིག་ཉམས་བཞེས་ཀྱིས་ཡུལ་དུས་གནས་སྐབས། འགྲོ་བའི་ཁམས་དང་མོས་པ་ལྟར་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱི་འཇིག་རྟེན་ཀུན་ཁྱབ་འགན་འཁུར་གྱི་བཀའ་སློབ་ལམ་སྟོན་ཐོག་ནས་འགྲོ་བ་མིའི་རིགས་ཀུན་ལ་ཞི་བདེ་སྤེལ་བའི་ཐུགས་འགན་རླབས་པོ་ཆེ་བཞེས་དང་བཞེས་བཞིན་པ་དང། ད་དུང་ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་བཟང་སྤྱོད་ཀྱི་བསླབ་བྱ་ལས་འགྲོ་བ་མི་སྤྱི་དང། འཛམ་གླིང་ཁོར་ཡུག་དང་བཅས་པར་ཕན་རླབས་ལྡན་པ། དེ་བཞིན་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་འཛམ་གླིང་ཆོས་ལུགས་དབུ་འཁྲིད་རྣམ་པའི་ལྷན་དུ་རྒྱ་ཆེ་གུ་ཡངས་ཀྱི་བགྲོ་གླེང་མཛད་དེ་ཕན་ཚུན་དོགས་པ་དང་འགལ་བ་སེལ་ཐབས་ཀྱི་ཐུགས་འགན་བསྐྱེད་བཞེས་མཛད་པ་སྤྱི་དང་། བྱེ་བྲག་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བཅས་སུ་མཛད་འགན་གསུམ་གཙོ་གྱུར་གྱི་རླབས་ཆེན་མཛད་བཟང་རྣམས་ལ་མངོན་པར་བསྟོད་དེ་འཛམ་གླིང་ཐོག་དཔལ་དང་གཟི་བརྗིད་ཀྱི་མངོན་པར་མཐོ་ཞིང་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟེངས་རྟགས། ཨིན་ཡུལ་གྱི་འཇོན་ཊེམ་པལ་ཊོན་(John Templeton Award) གཟེངས་རྟགས་བཅས་ཆེ་བསྟོད་རྒྱལ་ཁར་འབུལ་བཞེས་ཀྱིས་གཙོས་གཟེངས་རྟགས་དང་མཚན་གནས་སོགས་ཆེས་མཐོའི་ཕྱག་ཁྱེར་བརྒྱ་ཕྲག་དུ་མ་འབུལ་ལམ་ཞུས་ཏེ་ཞི་བདེའི་སློབ་དཔོན་ཆེན་པོ་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་གྱི་གྲགས་པ་ཡངས་པའི་ས་ཆེན་པོ་ལ་རླུང་ལྟར་ཁྱབ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་རྣམས་བརྗོད་ཀྱིས་མི་ལངས་ཤིང། འདས་པའི་ལོ་གཅིག་ཁོ་ནར་འཛམ་གླིང་གི་ཡུལ་གྲུ་འཇར་མན་དང། ཁེ་ན་ཌ། ཨ་རི། ཨི་ཊ་ལི། སུད་སི། ནོར་ཝེ། ཉི་ཧོང། ཨོ་སེ་ཀྲེ་ལེ་ཡ། རྒྱ་གར་གྱི་རྒྱལ་ས་ལྡི་ལིས་མཚོན་གྲོང་ཁྱེར་དང་མངའ་སྡེ་ཁག་དུ་མའི་ས་ཁུལ་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་རིས་མེད་ཆོས་ལུགས་ཀྱི་བླ་ཆེན་ཁག་དང། སྲིད་འཛིན་དང་སྲིད་བློན་ལས་ཟུར། གྲོས་ཚོགས་ཀྱི་འཐུས་མི་སོགས་གལ་ཆེའི་ཆབ་སྲིད་ཀྱི་མི་སྣ་དང་ཚན་རིག་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་མཇལ་འཕྲད་དང། རྒྱལ་ཁབ་དེ་དག་ནང་གི་སློབ་ཕྲུག་དང། མང་ཚོགས་བཅས་ལ་འདི་ཕྱི་འཕྲལ་ཡུན་ཀུན་ལ་སྨན་པ་བདེ་སྐྱིད་ཀྱི་རྨང་གཞི་ཞི་བདེ་དང་བྱམས་བརྩེ། ཀུན་ཁྱབ་འགན་འཁུར། བསམ་བློར་བཅོས་བསྒྱུར། བཟང་སྤྱོད་གོང་འཕེལ། མདོར་ན་འཛམ་གླིང་ཁྱོན་ཡོངས་བཟང་ཕྱོགས་སུ་བསྐྱོད་ཐུབ་པའི་ཟབ་གསལ་བཀའ་སློབ་གསུང་གི་བདུད་རྩི་མཐའ་ཡས་པ་སྨིན་སྩོལ་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་གཞལ་དུ་ག་ལ་མཆིས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཡུལ་ཆོལ་གསུམ་སྤྱི་དང་འཛམ་གླིང་ཡུལ་གྲུ་ཀུན་དུ་གནས་པའི་བོད་རིགས་ཡོད་དོ་ཅོག་གི་བསམ་དོན་བོད་ཀྱི་ཆོས་དང་རིག་གཞུང། མི་རིགས་བཅས་ཀྱི་ཆེད་དུ་ཆོལ་གསུམ་བོད་མི་ཡོངས་རྫོགས་གོང་བུ་ཆིག་སྒྲིལ་འདི་ལྟ་བུ་བཙན་པོའི་ལོ་དུས་རྗེས་སུ་བོད་ཀྱི་ལོ་རྒྱུས་སུ་སྔར་བྱུང་མ་མྱོང་བ་ཞིག་ཏུ་མཛད་པ་ནི་བཀའ་དྲིན་ལྷག་པར་ཆེ་བ་ཞིག་ཡིན་ལ། བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྨང་གཞི་དང་མ་འོངས་མདུན་ལམ་བཅས་སྲ་བརྟན་དུ་མཛད་པ་སོགས་མདོར་ན་བོད་གངས་ཅན་པའི་ཆོས་དང། རིག་གཞུང། ཆབ་སྲིད། མི་རིགས་བཅས་པར་རང་དབང་དང། ཞི་བདེ། མཉམ་གནས་བཅས་ཀྱི་དར་རྒྱས་ཡུན་གནས་ཡོང་ཐབས་སོགས་རླབས་ཆེན་མཛད་འཕྲིན་རྒྱ་ཆེ་རྒྱུན་མི་ཆད་པར་སྐྱོང་བཞེས་མཛད་པའི་བཀའ་དྲིན་རྣམས་སྙིང་དབུས་སུ་བཅངས་ཏེ་ཐུགས་རྗེ་དང། བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་དང་སྦྲགས། བསྐལ་པ་རྒྱ་མཚོའི་བར་དུ་ཕ་མས་བུ་ཕྲུག་ཇི་བཞིན་བརྩེ་ཆེན་ཐུགས་རྗེའི་ཀློང་ནས་དུས་ནམ་ཡང་འདོར་བ་མེད་པར་རྗེས་སུ་གཟུང་དུ་གསོལ་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱི་ཐོག་ནས་འཇོག་ཐུབ་པ་བྱུང་ཡོད།
སྔ་ལོ་ཁེ་ན་ཌའི་དམག་གི་དྲན་རྟེན་གྱི་འགྲེམས་སྟོན་ཁང་དུ་མི་ཞིག་གིས་མེ་མདས་རྒོལ་རྡུང་བཏང་བ་དང། སིངྒ་སྤུར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ལི་ཀཝན་ཡིའུ་སྐུ་འདས་པ། རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤི་མིར་མངའ་སྡེར་ཆུ་ལོག་གི་གནོད་འཚེས་མི་རྒྱུ་ཟོག་གསུམ་ལ་གོད་ཆག་བྱུང་བ། འདི་ལོ་བལ་ཡུལ་སོགས་ནང་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་ནོར་ཟོག་གསུམ་ལ་གོད་ཆག་ཚབས་ཆེན་ཕོག་པ་སོགས་དཀའ་ངལ་འདྲ་མིན་དང། ལྷག་དོན་དམན་ལ་ལྷག་པར་བརྩེ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་མཆོག་ཡིད་འོང་སྤྱོད་པའི་ཐུགས་བསྐྱེད་དམ་བཅའ་བཙན་པོའི་དབྱིངས་ལས་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན། དགོས་གལ་རིགས་ལ་ངལ་སེལ་རོགས་དངུལ་བཅས་སྩལ་དང་སྩལ་བཞིན་པ།
འདི་ལོ་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་ “བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག་” ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་དེ་པར་འགྲེམས་བྱས་ནས་ “༡༽ ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ་དང་། ༢༽ བོད་གསར་པ་ཡང་དག་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ། ༣༽ “དབུ་མའི་ལམ་” གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་རེད། ༤༽ “ཞི་བདེ་” དང་། “འཚེ་མེད་ཞི་བའི་” ལྟར་སྣང་། ༥༽ ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས་” ཟེར་བ་སོགས་གནད་དོན་ལྔའི་ཐོག་ནས་བོད་ལྗོངས་འཕེལ་རྒྱས་གཏོང་ལུགས་ཀྱི་ལོག་འགྲེལ་དང་རྫུན་སྒྲིག་འཁྱོག་བཤད་སྣ་ཚོགས་བྱས་ཡོད།
རྒྱ་ནག་གི་འགོ་འཁྲིད་ཚོས་བོད་དང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་བོད་རྒྱ་གཉིས་སྨན་གྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་དང་། ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་ཉེས་མེད་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་སྡུག་སྦྱོང་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་འགྲོ་བ་མིའི་བདེ་སྐྱིད་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་། བོད་ཀྱི་གནད་དོན་སྤྱི་ཡོངས་ལ་བསམ་ཞིབ་ནན་ཏན་གྱིས་བོད་རྒྱ་ཁ་བྲལ་མིན་པ་མཉམ་གནས་ཆེད་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་གང་མྱུར་ཡོང་བའི་ནན་བརྗོད་བྱ་རྒྱུ་ཡིན།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་སུ་གཏོར་བཤིག་དང་། སྡུག་སྦྱོང་མནར་གཅོད་སྔར་མ་གྲགས་པ་ལུ་གུ་བརྒྱུད་དུ་བཏང་དང་གཏོང་བཞིན་པའི་མཁྲེགས་འཛིན་དང་། གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོས་ལེན་དང་བཟོད་ཐབས་བྲལ་ཏེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་སྤྱི་དང་། ལྷག་པར་ཉེ་བའི་ལོ་ཤས་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༤༠ ཐམ་པ་བྱུང་ཡོད་པ་རྣམས་ཀྱི་རེ་བ་དང་མངོན་འདོད་གལ་ཆེའི་ནང་གི་གལ་ཆེ་གཅིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་གང་མྱུར་ཕྱིར་༸ཞབས་སོར་འཁོད་ཐུབ་པ་དགོས་རྒྱུ་དེ་ཡིན་པས། རྒྱ་ནག་གི་འགོ་འཁྲིད་ཚོས་ཁ་ནས་ཤོད་པ་ལྟར་དོན་དངོས་ཐོག་བོད་མི་རིགས་ལ་བྱམས་སྐྱོང་གི་ཤ་ཚ་ཡོད་པ་ཡིན་ན་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་སྐོམ་པ་ཆུ་འདོད་ལྟར་གྱི་རེ་འདོད་དང་། གཤིན་པོ་རྣམས་ཀྱི་ཞལ་ཆེམས་ལྟར་རེ་བ་སྐོང་རྒྱུའི་ལས་འགན་ཡོད་པ་ལྟར་བསམ་ཤེས་ངེས་པར་དགོས་རྒྱུ་དང་། རང་ཅག་གངས་ཅན་པ་ཡོངས་ཀྱིས་ཀྱང་དེའི་ཐོག་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འགན་འཁུར་སྔར་ལྷག་ཞུ་དགོས་པའི་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༥ དང་དེའི་རྗེས་བཅས་སུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། དེའི་ཉེ་ཁུལ་ས་ཁུལ་གང་མང་བཅས་སུ་ས་འགུལ་གྱི་འཇིགས་པའི་དབང་གིས་མི་རྒྱུ་གཉིས་ཀར་ཚབས་ཆེའི་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སེམས་འཚབ་དང་། གདུང་སེམས་ཅི་ཆེས་བལ་ཡུལ་གཞུང་མང་གཉིས་ཀར་ཐུགས་གསོ་དང་འབྲེལ་འདི་ལྟ་བུའི་ས་ཡོམ་གྱི་གོད་ཆག་དུས་ནམ་ཡང་མི་འབྱུང་བ། བལ་ཡུལ་གྱི་སྐྱེ་འགྲོ་ཀུན་དུས་རྟག་ཏུ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་དང། བལ་ཡུལ་རྒྱལ་ཁབ་ནི་བོད་དང་ལོ་རྒྱུས་ཐོག་ནས་འབྲེལ་ལམ་གཏིང་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལྷག་དོན་ཕྱི་ལོ་ ༡༩༥༩ ལོར་བོད་ས་རྒྱ་ནག་དམར་པོའི་དྲག་པོའི་བཙན་ཤུགས་འོག་ཚུད་པའི་དུས་སྐབས་དེ་ནས་བཟུང་ད་བར་བལ་ཡུལ་གཞུང་མང་གིས་བོད་མི་ཁྲི་ཚོ་གཉིས་བརྒལ་བར་འཚོ་ཐབས་དང་། ཆོས་རིག་གོང་འཕེལ་སོགས་ཀྱི་མཐུན་འགྱུར་དང་། གོ་སྐབས་བསྐྲུན་ཡོད་པས་དེ་རིང་གི་དུས་སྐབས་འདི་བརྒྱུད་བལ་ཡུལ་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།
ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱོགས་བསྒྲིགས་པར་བསྐྲུན་ཞུས་པའི་དོལ་རྒྱལ་དང་འབྲེལ་བའི་ཕྱག་དེབ་ “དོལ་རྒྱལ་དང་འབྲེལ་བའི་བླང་དོར་ཤེས་བྱ་གནད་བསྡུས་” ཞེས་པའི་ནང་། དོལ་རྒྱལ་དང་འབྲེལ་བའི་བླང་དོར་བཀའ་སློབ་དང་། ཆོས་ཚོགས་དང་གྲོས་ཚོགས་ཀྱི་གྲོས་ཆོད། བཀའ་ཤག་གི་གསལ་བསྒྲགས། གཞན་ཡང་མཛད་གཙོ་ལས་ཟུར་རྣམ་པ་སོགས་ཀྱི་གསུང་བཤད་བཅས་འཁོད་པ་དེ་རིང་དབུ་འབྱེད་དང་འབྲེལ་འགྲེམས་སྤེལ་ཞུས་པ་བཞིན། གཞིས་བྱེས་བོད་མི་ཡོངས་ཀྱིས་ཕྱག་དེབ་ཀྱི་ནང་དོན་རྣམས་ལ་ཐུགས་སྣང་ཆེན་པོས་སློབ་སྦྱོང་ནན་ཏན་གྱིས་སྤང་བླངས་ཚུལ་བཞིན་གནང་དགོས་པའི་དེ་རིང་དུས་སྐབས་འདི་བརྒྱུད་ནས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ཞུས་ཏེ་མི་ལོ་ ༥༦ འགྲོ་བཞིན་པ་དང་། དམིགས་བསལ་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རོགས་རམ་དང་། ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། བྱེས་འབྱོར་བོད་མི་ཡོངས་ཀྱིས་རང་རང་གནས་ཡུལ་ས་གནས་སོ་སོའི་ཡུལ་མིར་མཛའ་བརྩེའི་མཐུན་ལམ་དམ་ཟབ་གནང་སྟེ་ཕན་ཚུན་ཞི་བདེ་མཉམ་གནས་ཡོང་ཐུབ་པ་དང་། བོད་མི་སྤྱིའི་མཚན་མཐོང་ལ་སྨན་པ་གནང་དགོས་ཤིན་ཏུ་གལ་ཆེ་ཡིན་པའི་ད་རེས་སླར་ཡང་འབོད་སྐུལ་ཞུ་རྒྱུ་བཅས།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ལ།།