༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༨ པ་དབུ་འཛུགས་དང་སྦྲགས་ལས་ཉིན་དང་པོར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་ཁང་ནང་ལྷན་འཛོམས་གྲུབ་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་། དཔལ་ལྡན་ཚོགས་གཙོ་མཆོག་ནས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་བ་དང་། ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་རྗེས། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༩ པའི་ནང་གསེས་ ༡ ནང་གསལ། ཚོགས་གཙོ་དང་། ཚོགས་གཞོན་པ་སུ་ཡང་ངོ་བཞུགས་མེད་པའི་སྐབས། ཚོགས་འདུའི་གཙོ་སྐྱོང་གནང་མཁན་ཚོགས་གཙོའི་ལས་ཚབ་ཀྱི་འོས་མི་ལྔ་ལས་མ་མང་བའི་མཚན་གཞུང་ཚོགས་གཙོས་བཟོ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བསྒྲགས་དང་མོས་མཐུན་ཞུ་དགོས་པ་ལྟར། ཐེངས་འདིའི་ཚོགས་གཙོའི་ལས་ཚབ་ཀྱི་འོས་མིར་སྤྱི་འཐུས་དགེ་བཤེས་ག་ཟི་རིང་པོ་ལགས་དང་། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་བུ་མོ་ཚེ་རིང་ལགས་བཅས་བཏོན་གནང་བར་མོས་མཐུན་བྱུང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༦ པའི་ནང་གསལ་ཚོགས་གཙོ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་རིམ་ཐོ་འགོད་ལས་དོན་ལ་རོགས་རམ་དང་སློབ་སྟོན་གནང་མཁན་སྤྱི་འཐུས་གསུམ་ནས་ལྔ་བར་ཡོད་པའི་ལས་རིམ་ཚོགས་ཆུང་རེ་ཚོགས་གཙོ་ལྷན་རྒྱས་ནས་ཚོགས་དུས་རེ་རེ་བཞིན་གསར་བསྐོ་གནང་རྒྱུ་གསལ་བ་ལྟར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་བར་མོས་མཐུན་བྱུང་། གཞན་ཡང་ཕྱི་ལོ་ ༢༠༠༩།༢།༢༧ ནས་ ༢༠༡༤།༣།༡༦ བར་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༢༧ བྱུང་ཡོད་པ་རྣམས་ལ་གྲོས་ཚོགས་སྔོན་མར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཞུས་ཟིན་པ་དང་། དེ་རྗེས་བོད་ནང་དུ་རང་ལུས་མེར་བསྲེགས་མུ་འཐུད་གནང་མཁན་ (༡༢༨) ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་འཇིགས་མེད་བསྟན་འཛིན་ལགས། (༡༢༩) ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་ཁམས་འབའ་ཐང་གི་རང་ལོ་ ༣༡ སོན་པའི་སྒྲོལ་མ་ལགས། (༡༣༠) ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་ཁམས་རྟའུ་རྫོང་གི་རང་ལོ ༣༢ སོན་པ་འཕྲིན་ལས་རྣམ་རྒྱལ་ལགས་བཅས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་རྣམས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་པད་མ་འབྱུང་གནས་ལགས་ཀྱིས་བཏོན་གནང་ལྟར་ངག་བཅད་མྱ་ངན་གུས་འདུད་སྐར་མ་ ༡ རིང་གནང་།
དེ་རྗེས་བོད་མི་མང་སྤྱི་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་མཆོག་ནི་ ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༤ ཉིན་དགུང་གྲངས་ ༨༧ ཐོག་བལ་ཡུལ་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏོན་གནང་བ་དང།
ཕྱི་ལོ་ ༡༩༤༩ ལོར་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་སྡེ་ ༦༠༠༠ ལྷག་གཏོར་བཅོམ་། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་སོགས་སྣོད་བཅུད་གཉིས་ཀར་གཏོར་བཤིག་ཚད་མེད་བཏང་བར་བོ་མི་རྣམས་ནས་ཞི་བའི་རེ་འདུན་གནང་བར་དྲག་གནོན་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མིའི་ཞི་རྒོལ་བའི་ཐོག་དྲག་གནོན་ཚད་ལས་འདས་པ་བྱས་པ།
དེ་བཞིན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༧ པ་བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་བཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༢༧ དང་། དེའི་རྗེས་ ༣ གྱིས་རང་ལུས་མེར་བསྲེགས་གནང་བ་བཅས་ཀྱི་ཆེད་དོན་ཚན་ ༤ ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་རྒྱ་རིགས་ཐར་ལགས་བཏོན་གནང་བ་དང་། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གངས་ལྷ་མོ་ལགས་གནང་བ། གྲོས་ཆོད་དེ་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ ༡༥ དང་ དཔལ་ལྡན་སྲིད་སྐྱོང་མཆོག་བཅས་ནས་ཆ་ཤས་བཞེས་ཏེ་དགོངས་ཚུལ་ལྷུག་པོར་གནང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་ལས་བསྡོམས་དང་སྙན་ཐོར་བཀའ་ཤག་གིས་ཕྱག་བསྟར་ཇི་གནང་གི་སྙན་ཐོའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་གནང་བའི་སྙན་ཐོ་སྙན་སྒྲོན་གནང་བ་དང་།
ཡིག་ཨང་ ༦ པ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཡིག་ཆ་ཨང་ ༧ པ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་བཏོན་གནང་བ་དང་། དེ་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱི་གནང་བ་བཅས་ཉིན་འདིར་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པ་གནས་བསྡུས་སུ།

Menu