༄༅། །སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་བསྡུར་འོས་ཐོབ་བྱུང་བ་སྐུ་ཞབས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་པ།

སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་སྐུ་སྒེར་གྱི་གནད་དོན་ལ་བརྟེན་སྤྱི་འཐུས་ཀྱི་མཚན་གནས་ནས་རྩ་དགོངས་ཞུས་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་བདུན་པའི་ནང་གསེས་ ༢ ནང་གསལ་ལྟར་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་གནང་ནས་སྐུ་ཞབས་བཀྲ་ཤིས་དོན་གྲུབ་ལགས་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར། speདེ་རིང་སྔ་དྲོ་ཆུ་ཚོས་ ༩ དང་སྐར་མ་ ༣༥ ཡི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ་དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་སར་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ཤིང་། སྤྱི་འཐུས་རྒྱུན་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་བཅས་ལྷན་འཛོམས་ལ་རྟེན་འབྱུང་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དམ་འབུལ་མཛད་སྒོ་གྲུབ་རྗེས་སྤྱི་འཐུས་མཆོག་གིས་གསར་འགོད་པའི་བཅའ་འདྲི་ཁག་ལ་ལན་འདེབས་ཀྱང་གནང་ཡོད་པ་རེད།

ཁོང་གི་ཕ་ཡུལ་མགོ་ལོག་གསེར་རྟ་ནས་ཡིན་ཞིང་། དགུང་ལོ་ ༤༡ ལ་ཕེབས་ཡོད། མཐོ་སློབ་ཐོན་རྗེས་ཐོག་མར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨ་པུར་མགྲོན་ཁང་ནང་ལས་འགན་འདྲ་མིན་ཐོག་ལོ་ ༡༠ ལྷག་ཕྱག་ལས་གནང་ཡོད་པ་དང་། ཕྲི་ལོ་ ༡༩༩༨ ནས་ ༢༠༠༠ བར་དུ་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་གནང་། དེ་རྗེས་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༣ བར་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་གི་འགན་འཛིན་ལས་རོགས་དང་དེ་རྗེས་གནས་སྤར་བྱུང་སྟེ་འགན་འཛིན་གནང་། ཕྱི་ལོ་ ༢༠༠༣ ནས་ ༢༠༠༨ བར་ཀཐ་མན་གྲུའི་ནང་སྐར་མ་གསུམ་ལྡན་གྱི་མགྲོན་ཁང་གངས་ལྗོངས་ (Hotel Gangjong) དང་མ་ནང་ (Hotel manang) གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་ (Executive Manager) གནང་། ཕྱི་ལོ་ ༢༠༠༠ ནས་བལ་ཡུལ་མདོ་སྨད་སྐབས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱི་ས་གནས་རྒྱུན་ལས་དྲུང་ཆེ་དང་། ཚོགས་གཞོན་ལས་འགན་བཅས་བསྟུད་མར་གནང་ཡོད། བལ་ཡུལ་མཆོད་འཇོར་ས་གནས་འཐུས་ཚོགས་སྐབས་དྲུག་པའི་རྩིས་པ། ཡང་ཀཐ་མན་གྲུ་ས་གནས་འོས་བསྡུ་ལས་ཁང་གི་སྐབས་གཉིས་པའི་མདོ་སྨད་ཆོལ་ཁའི་ཚོགས་མི་དང་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་བཅས་གནང་། ད་ལྟ་མདོ་སྨད་དབུས་རྒྱུན་གྱི་ཕྱི་འབྲེལ་འགན་འཛིན་དང་། ༸གོང་ས༌༸སྐྱབས་མགོན་ཆེན་པོའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། བལ་ཡུལ་མཆོད་འཇོར་ས་གནས་འཐུས་ཚོགས་སྐབས་བདུན་པའི་དྲུང་ཆེ། ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་། བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་སོགས་ཀྱི་ལས་འགན་ཁུར་མུས་ནས། དེ་རིང་བོད་མི་མང་སྤྱི་འཐུས་སུ་ལས་འཁུར་དམ་འབུལ་ཞུས་པ་བཅས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༡ ལ།།