༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་གི་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཁག

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༣།

སྔོན་གླེང་།

༄༅། །གངས་ཅན་བོད་ས་ཡོངས་རྫོགས་སུ་རྒྱ་གཞུང་གིས་དྲག་གནོན་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་པ་རྫོང་གི་རང་ལོ་ ༢༧ སོན་པ་གྲྭ་བཀྲ་བྷེ་ལགས་ནས་བཟུང་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༠ བར་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༢༠ བྱུང་ཡོད་པ་རྣམས་ལ་སྔོན་དུ་གྲོས་ཚོགས་ཚོགས་དུས་ ༦ པའི་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་སྣོལ་འཇོག་ཞུས་ཟིན་པ་དང་། དེའི་རྗེས་སུའང་རང་ལུས་མེར་སྲེག་མུ་མཐུད་གཏོང་གནང་མཁན་ (༡༢༡) ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་མཛོད་དགེ་རྫོང་གི་རང་ལོ་ ༤༡ སོན་པ་ཞི་ཆུང་ལགས་དང་། (༡༢༢) ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་པདྨ་རྫོང་གི་རང་ལོ་ ༢༡ སོན་པ་ཚེ་རིང་རྒྱལ་ལགས། (༡༢༣) ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་མདོ་སྨད་རྔ་པ་རྫོང་གི་རང་ལོ་ ༣༠ སོན་པ་དཀོན་མཆོག་ཚེ་བརྟན་ལགས། (༡༢༤) ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་ཀན་ལྷོ་ཨ་མཆོག་གྲོང་གི་རང་ལོ་ ༤༢ སོན་པ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས། (༡༢༥) ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ཉིན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་ཡིན་པ་རང་ལོ་ ༢༧ སོན་པ་འཕགས་མོ་བསམ་གྲུབ་ལགས། (༡༢༦) ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༣ ཉིན་མདོ་སྨད་རྔ་པ་རྫོང་ནས་ཡིན་པ་རང་ལོ་ ༢༥ སོན་པ་བློ་བཟང་རྡོ་རྗེ་ལགས་བཅས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སེར་སྐྱ་གྲངས་ ༡༢༦ གིས་རང་ལུས་མེར་བསྲེགས་གནང་ཡོད། དེ་དག་གི་ཁྲོད་ནས་མི་གྲངས་ ༡༠༨ ཀྱི་སྐུ་སྲོག་ཤོར་ཡོད་པ་དང་། གཞན་མང་ཆེ་བ་འདས་གསོན་གང་ཡིན་དང་། ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་དཀའ་བའི་གནས་སུ་ལྷུང་ཡོད།

རྒྱ་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་དགོས་འདུན་ནམ་མངོན་འདོད་ཇི་ཡིན་ལ་རྟོག་ཞིབ་དང་བསམ་ཤེས་ཀྱི་འགན་འཁུར་གང་ཡང་མེད་ཁར་ཁོང་རྣམ་པར་དམའ་འབེབས་དང་། དེའི་འབྱུང་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ནས་སྐུལ་སློང་བྱས་ཚུལ་གྱི་བསྙོན་དཀྲི་བྱེད་པ། རང་ལུས་མེར་སྲེག་གི་གནས་ཚུལ་ཕྱི་གྱར་མི་འགྲོ་བའི་སྦས་ཐབས་བྱེད་པ། རང་ལུས་མེར་སྲེག་གནང་ཡུལ་དགོན་གྲོང་ཁག་ཏུ་དམ་དྲག་ཅི་ཆེའི་ངང་རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ་སོགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང༌། མཐའ་ན་མི་བསད་ཀྱི་ཉེས་འཛུགས་བྱས་ཏེ་སྲོག་ཁྲིམས་བཅད་པ་སོགས་ཀྱི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ལ་བརྩི་སྲུང་བྱ་རྒྱུ་ལྟ་ཞོག མང་གཙོ་དང༌། རང་དབང༌། དྲང་བདེན་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། དབུ་འཁྲིད་རྣམ་པ། ཚོགས་སྡེ་སོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་སུ་གྲོས་ཆོད་རིམ་འཇོག་དང་འབོད་སྐུལ་ཇི་གནང་བཅས་ཚང་མར་བརྩི་མེད་ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་པ་དངོས་ཡོད་ཀུན་གསལ་གྱི་གནས་ཚུལ་དུ་གྱུར་ཡོད།

བོད་བསྟན་སྲིད་མི་རིགས་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ནང་མི་དང་བཅས་པ་ཡོངས་སུ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་ནི། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་བརྗེད་དཀའ་ཞིང་གསེར་གྱི་འོད་སྟོང་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས་པས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།

 

གྲོས་ཆོད།

རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྦྲགས་ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོའི་འཚམས་འདྲི་དང་། འདས་གྲོངས་སུ་གྱུར་པ་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་སླར་ཡང་བོད་ཁ་བ་གངས་ཅན་གྱི་ཞིང་དུ་སྐྱེ་བ། རྒྱ་གཞུང་གིས་བཙོན་འཇུག་དམ་དྲག་བཀག་བསྐྱིལ་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་ནས་མྱུར་དུ་གློད་བཀྲོལ་དང་། འདས་གསོན་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་མངོན་འདོད་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ཞིང་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།

 

 

 

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༤།

སྔོན་གླེང་།

༄༅། །བོད་མི་མང་སྤྱི་འཐུས་ཟུར་པ་དགེ་འདུན་སྦྱིན་པ་མཆོག་ཡུན་རིང་སྙུན་བཞེས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧།༤༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༦ ཟླ་ ༡༠ ཚེས་ ༢༥ ཉིན་སྐུ་འཁྲུངས་པ་དང་། དམ་པ་ཁོང་གིས་ཆུང་ངུའི་དུས་ནས་ཐ་སྙད་ཕྱི་མོ་ཡི་གེ་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་ཡོད་པ་མ་ཟད། བཙན་བྱོལ་དུའང་སྐབས་ ༢ པའི་དགེ་རྒན་འོས་སྦྱོང་གི་གྲས་སུ་སློབ་གཉེར་ལེགས་པར་ཐོན་ཏེ། ལོ་ངོ་ ༣༠ ཙམ་གྱི་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་སུམ་རྟགས་དག་གསུམ་གཙོས། རྒྱལ་རབས་དང་། ཆོས་འབྱུང་སོགས་སློབ་འཁྲིད་གནང་ཞིང་། དེ་བཞིན་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཞོན་དང་། གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མིའི་ལས་ཁུར་ཞུས། བགྲེས་ཡོལ་ཟིན་རྗེས་སུའང་སེར་བྱེས་འབྲིང་རིམ་སློབ་གྲྭ་དང་། ཆོས་གྲྭ་སློབ་གཉེར་བ། རྫོང་ཆོས་དགེ་འདུན་བཅས་ལའང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་། སྙན་ངག་སོགས་སློབ་འཁྲིད་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་མ་ཟད། སུམ་རྟགས་དགོངས་འགྲེལ་རིག་པའི་སྣང་བ་སོགས་ཀྱི་དཔེ་དེབ་ཀྱང་བརྩམས་གནང་ཡོད། ཕྱི་ལོ་ ༢༠༠༡ ལོར་བོད་མི་མང་སྐབས་བཅུ་གསུམ་པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར་ལས་ཡུན་ཆ་ཚང་གནང་ཡོད། མདོར་ན། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།

 

གྲོས་ཆོད།

སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།

 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།

 

 

 

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༥།

སྔོན་གླེང་།

༄༅། །བོད་མི་མང་སྤྱི་འཐུས་ཟུར་པ་དགེ་བཤེས་བློ་བཟང་དབང་རྒྱལ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༡ ཉིན་དགུང་གྲངས་ ༨༥ ཐོག་རྒྱ་གར་ལྷོ་ཕྱོགས་སུ་དགའ་ལྡན་ཤར་རྩེ་ནོར་གླིང་གྲྭ་ཚང་དུ་སྐུ་ཚེའི་འཕེན་པ་རྫོགས་ཤིང་། ཉིན་ཞག་བཅུ་དྲུག་ཙམ་རིང་སྐུའི་གཟི་མདངས་ཅུང་ཟད་ཀྱང་མ་ཉམས་པར་ཐུགས་དམ་ལ་བཞུགས་ཡོད་པའི་གནས་ཚུལ་བྱུང་ཡོད། ཁོང་ནི་ཕྱི་ལོ་ ༡༩༢༨ ལོར་བོད་ཤར་ཕྱོགས་སྨར་ཁམས་ལུང་ཕུག་གྲོང་སྟོད་ཚང་ཞེས་པའི་ཁྱིམ་དུ་ཡབ་དགྲ་ལྷ་སྟོབས་རྒྱལ་དང་། ཡུམ་བསྟན་བཟང་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། ཡུན་རིང་ཚངས་པར་སྤྱོད་པ་ལ་གོམས་པའི་མཐུས་ཁྱིམ་འཁོར་བ་ནི་དུག་སྦྲུལ་གྱི་ཚང་ལྟར་གཟིགས་ནས་རབ་ཏུ་བྱུང་བ་ཁོ་ན་ཐུགས་ལ་བརྣགས་ཏེ་དགུང་ལོ་བཅོ་ལྔ་སོན་པ་ན་གསང་སྟབས་ཐོག་བྲོས་བྱོལ་གྱིས་རྒྱལ་ས་ལྷ་སར་ཕེབས་ཏེ་ཇོ་ཤཀ་རྣམ་གཉིས་མཇལ་ཕྱག་ཞུས་ཏེ་སྨོན་ལམ་མཚམས་སྦྱོར་གནང་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། ཤར་རྩེ་ནོར་གླིང་གྲྭ་ཚང་ཕུ་ཁང་ཁམས་ཚན་གྱི་ཆོས་སྒོར་ཞུགས་ཏེ་ཤར་རྩེ་མཁན་པོ་རི་ཁ་བློ་བཟང་ཆོས་འཕེལ་གཙོས་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་གཙུག་ཏུ་བཀུར་ཏེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་བསྡུས་གྲྭ་བློ་རྟགས་ནས་བཟུང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ་འཛིན་གྲྭའི་ནང་དུ་སློབ་གཉེར་ཕུལ་དུ་བྱུང་བ་མཛད་པ་དང་། དགེ་ཕྲུག་ཚོར་དཔེ་ཁྲིད་ཀྱང་གནང་བཞིན་མཛོད་འཛིན་གྲྭའི་བར་ཕེབས། དེ་ནས་རྒྱ་དམར་བོད་དུ་བཙན་འཛུལ་སྐབས་༸གོང་ས་མཆོག་གི་ཞབས་རྗེས་རྒྱ་གར་དུ་བཙན་འབྱོལ་བའི་གྲས་སུ་ཕེབས། སྦག་ས་ཆོས་སྒར་དུ་སླར་ཡང་མུ་མཐུད་ནས་གཞུང་ཆེན་སློབ་གཉེར་གནང་སྐབས་༸གོང་ས་མཆོག་གི་བཀའ་སློབ་ལྟར་གདན་སའི་སློབ་གཉེར་བ་ཕྱག་དཔེ་དྲག་གྲས་ཁག་གཅིག་ཝ་ར་ཎཱ་སིར་རིགས་གཅིག་རྐང་འཛིན་སློབ་གཉེར་བའི་ཁོངས་ཕེབས་ཏེ་ཨཱཅརྱའི་ཕྱག་ཁྱེར་བཞེས། མོན་གྷོ་འདོད་རྒུ་གླིང་དུ་ཕེབས་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞེས། ཤར་རྩེ་ནོར་གླིང་གྲྭ་ཚང་གི་ཤེས་ཡོན་ཚོགས་ཆུང་སྐབས་དང་པོའི་ནང་ཕྱག་ལས་གནང་བ་དང་། གྲྭ་ཚང་གི་ཕྱག་མཛོད་ལོ་གསུམ་དང་། དགེ་བསྐོས་ཐེངས་གཉིས་གནང་། ཕྱི་ལོ་ ༡༩༧༢ ལོར་ཟླ་ ༨ པའི་ཚེས་ ༡ ནས་ ༡༩༧༤ ལོའི་ཟླ་ ༨ པ་བར་མོན་གྷོ་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་དྲུང་ཆེའི་ལས་འཁུར་བཞེས་པ་མ་ཟད་བོད་མི་མང་སྤྱི་འཐུས་སྐབས་ ༡༡ པའི་དགེ་ལུགས་སྤྱི་འཐུས་ཀྱང་ལོ་ལྔའི་རིང་གནང་། བོད་གཞུང་དང་ཁྱད་པར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་བྱ་བ་ལས་ཀྱི་འཁོར་ལོའི་ཕྱག་ལས་གང་གནང་བ་ཐམས་ཅད་ལྷག་བསམ་གཡོ་ཟོལ་མེད་པ་དྲང་པོ་དང་ལས་དོན་གཟེངས་སུ་ཐོན་པ་གནང་མཁན་ཞིག་ཡིན་པས་ཀུན་གྱིས་ཆ་འཇོག་འོས་ཤིང་བརྩི་བཀུར་ཞུ་ཡུལ་ཞིག་ཏུ་གྱུར་ཡོད། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། གཞན་ཡང་བླ་མ་སྐྱེས་ཆེན་དུ་མའི་དྲུང་ནས་དབང་ལུང་མན་ངག་རྒྱ་ཆེར་ཞུས་ཏེ་སྔོན་འགྲོ་ཕྱག་དང་མཎྜལ་སོགས་བསགས་སྦྱང་གི་གནས་ལ་འབད་པ་དང་རྒྱུན་དུ་ཡོངས་གྲགས་སུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། ནཱ་རོ་མཁའ་སྤྱོད་དབང་མོ་ཡི་དམ་གཙོ་བོར་བསྟེན་ཏེ་གསང་སྔགས་རིམ་གཉིས་ཀྱི་གནས་ལ་སྒྲུབ་པ་སྙིང་པོ་མཛད་དེ་བུམ་ནང་གི་མར་མེ་བཞིན་སྦས་པའི་བརྟུལ་ཞུགས་འཛིན་པ་ཞིག་ཡིན། མདོར་ན་ཁོང་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་རེད།

 

གྲོས་ཆོད།

སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།

 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།

 

 

 

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༦།

སྔོན་གླེང།

༄༅། །རྒྱ་ནག་གཞུང་གིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་བྱས་ཏེ། བོད་མི་མང་ཞིང་བྲན་ཁྲི་ཚོ་བརྒྱ་བོད་ཀྱི་མངའ་བདག་ཆེན་མོ་གསུམ་གྱི་གཉའ་གནོན་གྱི་འོག་ནས་དངོས་སུ་བཅིངས་འགྲོལ་བཏང་ཚུལ་སོགས་ཀྱི་ཕྱི་མཛེས་གཡོ་རྫུས་ཀྱི་བསླུ་བྲིད་བྱེད་ཐབས་འབའ་ཞིག་བྱེད་ནའང་། དོན་དངོས་ཐོག་བོད་ཡུལ་འདི་ཉིད་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཏེ། ཆབ་སྲིད་ཀྱི་དྲག་གནོན་དང་། མི་རིགས་དང་དཔལ་འབྱོར་ཐོག་དབྱེ་འབྱེད། ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་གཏོར་ཚད་མེད་བཏང་དང་གཏོང་བཞིན་པའི་ཆེས་གདུག་རྩུབ་དང་མཁྲེགས་འཛིན་གྱི་སྲིད་བྱུས་རབས་དང་རིམ་པ་སྤེལ་བའི་ཉེར་ལེན་ལ་བརྟེན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་འགོ་འཛུགས་ཀྱིས་རིམ་པས་ཆོལ་གསུམ་ས་ཁུལ་ཕལ་མོ་ཆེར་བོད་མི་ཁྲི་ཚོ་མང་པོས་ཆེས་གཞི་རྒྱ་ཆེ་བའི་ཡར་ལངས་ཞི་རྒོལ་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ཡི་ལོ་ནས་བཟུང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༦ པ་བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༢༠ བྱུང་ཡོད་པ་དང་། དེ་རྗེས་བོད་མི་སེར་སྐྱ་དཔའ་བོ་དཔའ་མོ་གྲངས་ ༦ གིས་བློས་གཏོང་ཆེན་པོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མིར་རང་དབང་དགོས་འདུན་གྱི་སླད་དུ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་ཚད་མཐོའི་འཚེ་མེད་ཞི་བའི་ངོ་རྒོལ་ཤུགས་ཆེན་གནང་ཡོད། འོན་ཀྱང་རྒྱ་གཞུང་ནས་ཁོང་རྣམས་ཀྱི་རེ་འདུན་ལ་གཟུར་གནས་དཔྱད་ཞིབ་དང་བསམ་གཞིགས། བོད་ཀྱི་དངོས་ཡོད་གནས་བབ་དང་མཐུན་པའི་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་འོས་འཚམས་ཤིག་ལག་བསྟར་བྱ་རྒྱུའི་ཚབ་ཏུ། མཐའ་གཅིག་ཏུ་དཔལ་འབྱོར་གྱི་བསླུ་བྲིད་གང་ནུས་ཀྱི་གཡོ་སྒྱུ་དང་། དྲག་པོའི་དམག་དང་གོ་མཚོན་གྱི་མགོ་གནོན་འབའ་ཞིག་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་ནི་ད་ལྟའི་དུས་རབས་དང་དངོས་ཡོད་གནས་སྟངས་གང་དང་ཡང་གཏན་ནས་མི་མཚུངས་པའི་རྗེས་ལུས་ཀྱི་མངོན་རྟགས་ཡིན།

འདས་པའི་ཟླ་དྲུག་གི་ནང་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འབྲི་རུ། བྲག་མགོ འཛམ་ཐང་། སོག་རྫོང་བཅས་ལ་རྒྱ་གཞུང་གི་མ་ཉེས་ཁ་གཡོག་གི་སྲིད་བྱུས་འོག་བོད་མི་མང་དག་ཅིག་ལ་བཙོན་འཇུག་བཀག་ཉར་དང་། དེ་མིན་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་ཇི་ཙམ་བསད་ཡོད་མེད་དང་། བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་ཡོད་མེད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་དཀའ་ལ། བོད་མི་འདས་གསོན་གང་ཡིན་དང་། ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་དེ་བས་ཀྱང་ཤེས་རྟོགས་དཀའ་བར་འགྱུར་བཞིན་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གི་ཡིག་ཆའི་ནང་འཁོད་པར་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་འོག་ཏུ་ཚུད་པའི་བོད་མི་གྲངས་ ༩༢༠ ཙམ་ཟིན་འདུག

གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ལས་འགུལ་སྤེལ་རིམ་བཞིན་བྱེས་སུ་འཁོད་པའི་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ། མི་སྒེར་སོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཐོག སྐབས་ ༡༤ པ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རིམ་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་ལ། རྒྱལ་སྤྱིའི་ཁྱོན་ནས་ཀྱང་བོད་དོན་ཐོག་རྒྱལ་ཁབ་མང་པོས་གཞུང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བས་མཚོན་རྒྱ་ནག་གཞུང་ལ་བོད་ནང་དུ་དམ་དྲག་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་ཡོད།

བོད་ནང་གི་ད་ལྟའི་དཀའ་སྡུག་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་དང་འགྲོ་བཞིན་པ་བཅས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།

 

གྲོས་ཆོད།

༡༽ བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལྟོས་བཅས་ནང་མི་ཡོངས་དང་། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་པ་ཚོའི་སྙིང་སྟོབས་དང་། དཔའ་མཛངས་ལ་གྲོས་ཚོགས་འདི་ཐོག་ནས་བསྔགས་བརྗོད་དང་འབྲེལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

༢༽ རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་ནས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་དགོས་འདུན་ལྟར། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་གཞིགས་བྱེད་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་སླད་འབྲེལ་མོལ་འཕྲལ་དུ་འགོ་འཛུགས་དགོས་པ་ནན་བསྐུལ་བྱ་རྒྱུ་ཡིན།

༣༽ ད་ཕན་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློོ་འཚབ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོའི་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་ལྷག་ཡོང་བ་ཞུ་རྒྱུ། ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྣམས་ནས་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བ་དང་། བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་གི་བློ་སྤོབས་ཆེར་བསྐྱེད་ཡོང་བའི་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༢ ལ།།

 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༢ ལ།།

 

 

 

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༤༩།

 

སྔོན་གླེང་།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན། བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ཡིན་པ་ཕ་གཡར་གྱི་མིང་ལ་ཤེས་རབ་དང་མ་མིང་ལ་གནམ་ཁོ་ཟེར་བ་གཉིས་ཀྱི་བུ་རང་ལོ་ ༢༣ ཅན་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་གོང་ཚེས་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རང་ལུས་མེར་བསྲེགས་བཏང་གནང་འདུག རྒྱལ་གཅེས་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་བ་དང་། ཁོང་གིས་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ནས་རང་ལུས་མེར་བསྲེགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་སྐད་འབོད་གནང་བཞིན་གོམ་པ་འགའ་ཤས་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་དམག་མི་འབོར་ཆེན་སླེབས་ཏེ་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་དུ་བཅུག་ནས་འབར་ཁམས་ཕྱོགས་སུ་བཙན་འཁྲིད་བྱས་ཡོད་ཅིང་། ད་ཆ་ཁོང་འདས་གྲོངས་སུ་གྱུར་ཟིན་འདུག ད་ཐེངས་ཀྱི་རང་ལུས་མེར་སྲེག་འདི་ནི། ༢༠༠༩།༢།༢༧ ནས་ ༢༠༡༤།༣།༡༦ བར་རང་ལུས་མེར་སྲེག་གནང་མཁན་ ༡༢༧ པ་དེ་ཆགས་ཡོད། ད་དུང་ཉེ་བའི་ཆར་མདོ་སྨད་རྩེ་ཁོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ལྟར་ཤིན་ཧྭ་དྲྭ་རྒྱའི་སྟེང་དུའང་དེ་ལྟའི་ངོས་ལེན་བྱས་པའི་གནས་ཚུལ་ཐོན་འདུག་ནའང་། ས་གནས་དེར་དམ་དྲག་ཆེ་བའི་དབང་གིས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་མཚན་སོགས་གནས་ཚུལ་ཁ་གསལ་ཐོབ་ཐབས་དཀའ་བའི་གནས་སུ་གྱུར། ད་ལྟ་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་ལགས་ནི་བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཞིག་དང་། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་གཟི་འོད་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས།

 

གྲོས་ཆོད།

རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་གི་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་དང་། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་བཅས་ཀྱི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ལ།།

 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ལ།།

 

 

 

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༥༠།

སྔོན་གླེང་།

 

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན། བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ཡིན་པ་ཕ་གཡར་གྱི་མིང་ལ་ཤེས་རབ་དང་མ་མིང་ལ་གནམ་ཁོ་ཟེར་བ་གཉིས་ཀྱི་བུ་རང་ལོ་ ༢༣ ཅན་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་གོང་ཚེས་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རང་ལུས་མེར་བསྲེགས་བཏང་གནང་འདུག རྒྱལ་གཅེས་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་བ་དང་། ཁོང་གིས་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ཏེ་རང་ལུས་མེར་བསྲེགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་སྐད་འབོད་གནང་བཞིན་གོམ་པ་འགའ་ཤས་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་དམག་མི་འབོར་ཆེན་སླེབས་ཏེ་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་དུ་བཅུག་ནས་འབར་ཁམས་ཕྱོགས་སུ་བཙན་འཁྲིད་བྱས་ཡོད་ཅིང་། ད་ཆ་ཁོང་འདས་གྲོངས་སུ་གྱུར་ཟིན་འདུག ད་ཐེངས་ཀྱི་རང་ལུས་མེར་སྲེག་འདི་ནི། ༢༠༠༩།༢།༢༧ ནས་ ༢༠༡༤།༣།༡༦ བར་རང་ལུས་མེར་སྲེག་གནང་མཁན་ ༡༢༧ པ་དེ་ཆགས་ཡོད། ད་ལྟ་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་ལགས་ནི་བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཞིག་དང་། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་གཟི་འོད་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས།

 

གྲོས་ཆོད།

རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་ཁོང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་དང་། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་བཅས་ཀྱི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ལ།།

 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ལ།།